འཇར་མན་རྐང་སྤོལ་རྩེད་འགྲན་མགོ་འཛུགས་བྱེད་རྒྱུ་རེད་འདུག
ཡུ་རོབ་ནང་གི་རྐང་སྤོལ་རྩེད་འགྲན་ཚད་མཐོ་ཤོས་གྲས་སུ་ཚུད་པའི་འཇར་མན་རྐང་སྤོལ་རྩེད་འགྲན་དེ་སླར་ཡང་མུ་མཐུད་རྒྱུ་ཡིན་འདུག་པ་དང་། གཟབ་ནན་ཆེན་པོའི་འོག་རྩེད་འགྲན་དེ་གྲུབ་འབྲས་ཐོན་ཚེ། དབྱིན་ཡུལ་དང་སེ་པན། ཨི་ཊ་ལི་སོགས་ཀྱིས་ཀྱང་དེ་ལྟར་བྱེད་སྲིད་པ་རེད་འདུག
ཟླ་༥ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༥ པའི་ཚེས་༡༦ ཉིན་ནས་འཇར་མན་གྱི་རྐང་སྤོལ་རྩེད་འགྲན་མགོ་འཛུགས་བྱེད་རྒྱུ་ཡིན་པ་དང་། དེ་ཡང་རྩེད་རའི་ནང་ལྟད་མོ་བ་མེད་པའི་ཐོག་ནས་རྩེད་འགྲན་རྣམས་བརྙན་འཕྲིན་ཐོག་རྒྱང་སྲིངས་བྱེད་རྒྱུ་རེད་འདུག
དེ་ཡང་འཇར་མན་གྱི་རྐང་སྤོལ་རྩེད་འགྲན་རིམ་པ་དང་པོ་དེའི་རུ་ཁག་མང་ཆེ་བར། ལོ་འཁོར་འདིའི་རྩེད་འགྲན་༩ ལྷག་ཡོད་འདུག་པ་དང་། རྩེད་འགྲན་དེ་ཟླ་༦ པའི་ཚེས་༢༧ དང་༢༨ ལ་ཡོངས་སུ་མཇུག་བསྒྲིལ་འཆར་འདུག འཇར་མན་རྐང་སྤོལ་ལྷན་ཚོགས་ཀྱིས་རྩེད་མོ་བ་དང་རྩེད་དཔང་། ལས་བྱེད་ཚང་མར་ཏོག་དབྱིབས་ནད་དུག་གི་བརྟག་དཔྱད་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
ཏོག་དབྱིབས་ནད་དུག་ཁྱབ་བརྡལ་ལ་བརྟེན་ནས་འཇར་མན་གྱི་རྐང་སྤོལ་རྩེད་འགྲན་ཟླ་༣ པའི་ཚེས་༡༣ ཉིན་ནས་ཕྱིར་འཐེན་བྱས་ཡོད་འདུག ད་ལྟའི་ཆར་ཧྥ་རན་སི་དང་ཧོ་ལན་ཌ། བྷེལ་ཇེམ་སོགས་ཀྱི་རྐང་སྤོལ་རྩེད་འགྲན་གཏན་དུ་ཕྱིར་འཐེན་བྱས་ཟིན་ཡོད་པ་རེད་དེ། དབྱིན་ཡུལ་གྱི་རྐང་སྤོལ་ལྷན་ཚོགས་དང་འབྲེལ་ཡོད་བརྙན་འཕྲིན་ལས་ཁང་བར། གལ་ཏེ་རྩེད་འགྲན་མགོ་འཛུགས་བྱས་ཚེ། དེ་དག་དྲ་ཐོག་ནས་རིན་མེད་བལྟ་རྒྱུ་ཡོད་པ་བཟོ་ཐབས་ཀྱི་གྲོས་སྡུར་འགྲོ་བཞིན་ཡོད་འདུག
འཇར་མན་ནང་གི་རྐང་སྤོལ་རྩེད་མོ་བ་ཞིག་གིས། རྒྱུན་དུ་རྩེད་འགྲན་སྐབས་སུ་རང་གི་རུ་ཁག་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་གི་མདུན་དུ་རྩེད་མོ་རྩེ་སྐབས། ཚོར་སྣང་མི་འདྲ་བ་ཞིག་ཡོད་པ་དང་། ཐེངས་འདིར་རྩེད་ཐང་སྟོང་པའི་ནང་རྩེད་འགྲན་བྱེད་དུས་ཚོར་བ་མི་འདྲ་བ་ཞིག་འབྱུང་རྒྱུ་ཡིན་པ་རེད་དེ། ཏོག་དབྱིབས་ནད་དུག་ཡོངས་སུ་རྩ་མེད་སོང་ནས་རྒྱབ་སྐྱོར་བ་མི་མང་གི་མདུན་དུ་སླར་ཡང་རྩེད་མོ་རྩེ་རྒྱུ་མྱུར་དུ་ཡོང་བའི་རེ་བ་རྒྱག་བཞིན་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།