འཇིགས་སྐུལ་བས་ཀ་ཤི་མིར་གྱི་རྒྱ་གར་དམག་མི་བསད་པ།

ཀ་ཤི་མིར་རྟེན་གཞི་བྱས་པའི་རྒྱ་གར་དམག་མིར་འཇིགས་སྐུལ་བས་རྒོལ་རྡུང་བྱས་ཏེ་ཉུང་མཐའ་ཡང་དམག་མི་༡༧ བསད་ཡོད་འདུག

14408856_239182269817169_363348251_nརྒྱ་གར་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༨ རེས་གཟའ་ཉི་མའི་ཞོགས་པའི་ཆུ་ཚོད་༥:༣༠ ཐོག རྒྱ་གར་ནུབ་ཕྱོགས་ཀ་ཤི་མིར་དང་པ་ཀི་སི་ཐན་གཉིས་ཀྱི་ས་མཚམས་དང་ཉེ་བའི་ཨུ་རི་ཞེས་པའི་རྒྱ་གར་གྱི་ས་ཆ་ཞིག་ཏུ། དམག་སྒར་ཞིག་ཡོད་པ་དེར། དྲག་སྤྱོད་པ་བཞིས་འཇབ་རྒོལ་གྱིས་དམག་ཁང་ཞིག་ལ་ལག་འབོམ་གཡུགས་རྐྱེན། དམག་མི་༡༢ ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། དེ་རྗེས་དམག་མི་དང་དྲག་རྒོལ་བ་རྣམས་མེ་མདའ་རྒྱག་རེས་བྱས་ནས་དམག་མི་༥ ལྔའི་ཚེ་སྲོག་ཤོར་ཁར། དྲག་རྒོལ་བ་༤ ཡང་བསད་ཡོད་འདུག དེ་བཞིན་དམག་མི་སུམ་ཅུ་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད་དེར་ཡོད་ཀྱི་གུར་དང་འཕྲལ་སེལ་གྱི་ཁང་ཆུང་མང་པོ་ཡང་འཚིགས་ཡོད་འདུག

རྒྱ་གར་གྱི་སྲིད་བློན་མོ་ཏི་ཡིས་ང་ཚོས་རྒྱལ་གཅེས་པ་རྣམས་ལ་གུས་འདུད་ཞུ་ཡི་ཡོད། ཁོང་ཚོས་རྒྱལ་ཁབ་ལ་སྲི་ཞུ་བསྒྲུབས་པ་དེ་ནམ་ཡང་བརྗེད་ཀྱི་མ་རེད། ཁོང་ཚོའི་ཤུལ་ལུས་ཀྱི་གཟའ་མི་དང་ལྷན་དུ་ངའི་སེམས་པ་ཡོད་ཅེས་དང་། དེ་བཞིན་གནས་ཚུལ་འདིའི་རྒྱབ་ཀྱི་རྒྱལ་ཁབ་དེ་ལས་སླ་པོར་འཇོག་གི་མ་རེད་ཅེས་ཀྱང་བརྗོད་ཡོད་འདུག

དེ་བཞིན་རྒྱ་གར་ནང་སྲིད་བློན་ཆེན་ར་ཇི་ན་ཐི་སིན་གྱིས་པ་ཀི་སི་ཐན་ནི་འཇིགས་སྐུལ་རིང་ལུགས་པའི་གཞུང་ཞིག་རེད་ཅེས་བརྗོད་ཡོད་ཐོག ད་ཐེངས་ཀྱི་ཉེས་ཅན་པ་དེ་དག་ལ་ཚད་མཐོའི་སྦྱོང་བརྡར་དང་། གོ་མཚོན་ཡག་པོ་ཡོད་པ་དེས་སུ་ཡིན་ཏན་ཏན་གསལ་གྱི་འདུག་ཅེས་དང་། ཡང་ཁོང་གིས་པ་ཀི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་པར་མུ་མཐུད་ནས་ཐད་ཀར་རྒྱབ་སྐྱོར་བྱེད་བཞིན་པར་བློ་ཕམ་ཆེན་པོ་ཡོད་ཅེས་བརྗོད་ཡོད་འདུག

དེ་བཞིན་རྒྱ་གར་གྱི་དམག་སྤྱི་གཞོན་པ་རན་བྷིར་སིན་གྱིས་རྒོལ་རྡུང་བ་རྣམས་ནི་པ་ཀི་སི་ཐན་ནང་ཡོད་པའི་ཁ་ཆེའི་དམག་གི་རུ་ཁག་ཅིག་གི་ཚོགས་མི་ཡིན་པའི་བདེན་དཔང་རག་སོང་ཅེས་བརྗོད་དེ་དྲག་རྒོལ་བ་བཞི་པོ་དེ། པ་ཀི་སི་ཐན་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱས་ཡོད་རུང་། པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པས། གནས་ཚུལ་ཞིག་བྱུང་བ་དང་བརྟག་དཔྱད་མེད་པར་གློ་བུར་དུ་པ་ཀི་སི་ཐན་གྱི་མགོར་གཡུགས་བསྡད་པ་དེ་རྒྱ་གར་གྱི་སྲིད་ཇུས་རྙིང་པ་ཞིག་རེད་ཅེས་བརྗོད་ནས་དྲག་རྒོལ་བ་བཞི་དང་པ་ཀི་སི་ཐན་གཉིས་ལ་འབྲེལ་བ་མེད་པའི་རྣམ་འགྱུར་བསྟན་ཡོད་འདུག

ད་ཐེངས་ཀྱི་དྲག་རྒོལ་འདི་ནི་ལོ་ངོ་བཅུ་ཕྲག་གཉིས་ཙམ་གྱི་རིང་ལ། ཀ་ཤིར་མིར་དུ་དམག་མི་མང་ཤོས་རྐྱེན་ལམ་དུ་བཏང་བའི་རྒོལ་རྡུང་ཆེ་ཤོས་དེར་གྱུར་ཡོད་འདུག དེ་འབྲེལ་གྱི་གནས་ཚུལ་ཞིག་ལ་ཕྱི་ལོ་༢༠༡༤ལོའི་ཟླ་༩ པའི་ནང་ས་གནས་དེ་ག་རང་ལ་དམག་མི་དང་འཇིགས་སྐུལ་རིང་ལུགས་པ་མེ་མདའ་རྒྱག་རེས་ཀྱིས་དམག་མི་༩ ཡི་ཚེ་སྲོག་ཤོར་ཡོད་འདུག

སྤྱིར་ད་ལྟ་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀ་ཤིར་མིར་ནང་དུ། རྒྱ་གར་གྱི་མངའ་འོག་ཏུ་བསྡད་འདོད་ཡོད་མཁན་དང་། པ་ཀི་སི་ཐན་འོག་བསྡད་འདོད་ཡོད་མཁན། དེ་བཞིན་ཀ་ཤིར་མིར་རང་བཙན་འདོད་མཁན་བཅས་ཤོག་ཁག་གཙོ་བོ་གསུམ་ཙམ་ཡོད་པ་ལས། ད་ལྟ་རང་བཙན་ཤོག་ཁག་གིས་རྒྱ་གར་གཞུང་ལ་རང་བཙན་དགོས་པའི་ངོ་རྒོལ་བསྟུད་མར་བྱས་རྐྱེན།འདས་པའི་ཟླ་ངོ་གསུམ་གྱི་ནང་ལ་མི་༨༠ ཙམ་གྱི་ཚེ་སྲོག་དྲག་སྤྱོད་འོག་རྐྱེན་ལམ་དུ་སོང་ཡོད་པ་དང་། ད་ལྟ་རྩོད་རྙོག་ཆེ་བའི་ས་གནས་དེའི་ཡུལ་མི་རྣམས་དམ་དྲག་ཆེན་པོའི་འོག་ལྷག་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།