བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༠༡ ཕྱི་ལོ་ ༢༠༢༠/༠༥/༠༦
བོད་རྒྱའི་འགལ་འབྲེལ་དང་བོད་དོན་འཐབ་རྩོད་ཀྱི་གནས་བབས་ལ་ཕྱིར་འདང་ཞིག་བརྒྱབ་ན། བོད་པས་ཉམ་ཆུང་ཚུལ་མཐུན་གྱི་ཐོག་ནས་རྒྱ་གཞུང་ལ་རེ་བ་འབའ་ཞིག་བརྒྱབ་ཀྱང་། རྒྱ་གཞུང་གིས་ཐུབ་ཚོད་དང་དབང་ཡོད་ཀྱི་ཐོག་ནས་དུས་རྒྱུན་བོད་མི་ལ་གཉའ་གནོན་ཁོ་ན་བྱས་ཡོད། བཙན་བྱོལ་བོད་གཞུང་གི་ངོས་ནས་བཤད་ནའང་ཐོག་མ་བཙན་བྱོལ་དུ་འབྱོར་མ་ཐག་རྒྱལ་སྤྱིའི་ཐོག་ལ་འབོད་སྐུལ་ལན་མང་བྱས་པ་བརྒྱུད། མཉམ་འབྲེལ་རྒྱལ་ཚོགས་ནས་བོད་དེ་གཞན་གྱིས་བཙན་འཛུལ་བྱས་པའི་ལུང་པ་ཞིག་ཏུ་ངོས་འཛིན་དང་། རྗེས་སུ་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་ཐག་གཅོད་ཀྱང་སྔ་རྗེས་སུ་གནང་བ་རེད། རིམ་པས་རྒྱ་དམར་གཞུང་གི་དབང་ཤུགས་མཉམ་འབྲེལ་རྒྱལ་ཚོགས་སུ་ཇེ་ཆེར་གྱུར་པ་དང་བསྟུན། བོད་དང་ཤར་ཏུར་ཀི་སི་ཐན་སོགས་ཀྱི་གནད་དོན་ཡང་རྒྱལ་ཚོགས་སུ་གླེང་སློང་ཡོང་རྒྱུའི་གོ་སྐབས་ཉུང་དུ་སོང་བ་དང་། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་མང་པོ་ཞིག་ཀྱང་རིམ་པས་རྒྱ་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབ་མཁན་ཁོ་ནར་གྱུར་པ་རེད།
བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ཀྱང་རིམ་པས་འགྱུར་ཏེ་རང་བཙན་ནས་རང་སྲིད་རང་སྐྱོང་དང་། རྒྱ་ནག་གི་ད་ལྟའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཤིག་བྱུང་ན་འགྲིག་པའི་དགོས་འདུན་ཡིག་ཐོག་ནས་བཏོན་ཡང་། རྒྱ་གཞུང་གིས་ཡ་ལན་བྱས་མེད། དེའི་རྗེས་སུ་གནད་དོན་དེ་ཡང་ཅུང་ཙམ་གླེང་སློང་ཉུང་དུ་སོང་ནས་༧གོང་ས་མཆོག་རི་བོ་རྩེ་ལྔར་གནས་གཟིགས་ཙམ་དུ་ཕེབས་རྒྱུ་དང་། དེ་ནས་རིམ་པས་མདོ་སྨད་སྐུ་འབུམ་དང་། ལྷ་ས་སོགས་བོད་ཀྱི་ས་ཁུལ་ཁག་ཅིག་ལ་ཆིབས་བསྒྱུར་ཙམ་གནང་ཐུབ་པའི་ཐུགས་རེ་གནང་། རྒྱ་གཞུང་གིས་དེ་ཙམ་ལའང་དང་ལེན་གཏན་ནས་བྱས་མེད། བོད་ཀྱི་རྩ་དོན་ཆེད་ཉེ་བའི་ལོ་ཤས་ནང་བོད་ནས་བོད་མི་མང་པོ་ཞིག་གིས་རང་ལུས་མེར་སྲེག་བཏང་བ་སོགས། རང་སྲོག་ལའང་མ་འཛེམས་པར་འཚེ་མེད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་མང་པོ་སྤེལ་ཡོད་པ་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ཀྱང་སྔ་རྗེས་སུ་ལས་འགུལ་མང་པོ་ཞིག་སྤེལ་ཡོད།
རྒྱ་དམར་གཞུང་གིས་དེ་དག་ལ་དང་ལེན་བྱེད་འདོད་གཏན་ནས་མེད་པའི་རྣམ་འགྱུར་དུས་ནས་དུས་སུ་གསལ་པོ་བསྟན་ཡོད་པས། བོད་རེ་བས་ཕོངས་ཞེས་པ་ལྟར་རྒྱ་དམར་གཞུང་ལ་ཡིད་ཆེས་དང་རེ་བ་བྱེད་ཐུབ་པའི་རྒྱུ་མཚན་གང་ཡང་མེད། ༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་སྔར་ལས་ཤུགས་ཆེ་རུ་བཏང་ཡོད་པ་དང་། བོད་ནང་དུ་དམ་དྲག་གི་གནས་སྟངས་ཀྱང་ལོ་ནས་ལོ་བསྟུད་ཤུགས་ཆེ་རུ་གཏོང་བཞིན་ཡོད། དེར་བརྟེན་བོད་པ་སྤྱི་དང་། ལྷག་པར་དུ་རང་དབང་ལུང་པར་གནས་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་དང་། བོད་མིའི་སྒྲིག་འཛུགས་ཀྱིས་སྣེ་ཁྲིད་དེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁ་ཕྱོགས་གསར་པ་ཞིག་དང་། རེ་བ་གསར་པ་ཞིག་གི་ཐོག་ནས་ཞུ་གཏུག་བྱ་རྒྱུ་ཙམ་དུ་མ་ཟད། རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་པ་དེ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ད་ལྟ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་རྣམ་པ་མངོན་གསལ་དུ་འགྲོ་བཞིན་པ་ནི་ང་ཚོའི་གོ་སྐབས་ཉག་གཅིག་ཡིན།
སྔོན་མ་ཡིན་ན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུ་མའི་ལམ་དེ་བོད་དོན་ལ་རྒྱབ་སྐྱོར་བྱེད་པའི་ལམ་ཁ་ཉག་གཅིག་ཡིན་ཚུལ་བརྗོད་བཞིན་ཡོད་ཀྱང་། ད་དུང་ཡང་སྐད་ཆ་རྙིང་པ་འདི་དང་། རེ་བ་རྙིང་པ་འདི་ལ་གོ་སྐབས་དང་ནུས་པ་ཡོད་མེད་གསལ་པོ་རྟོགས་ཐུབ་པ་ཞིག་རེད། མུ་མཐུད་རྒྱ་ནག་གཞུང་དང་མཉམ་དུ་སྡོད་རྒྱུའི་འཆར་གཞི་དེར་རྒྱལ་སྤྱིའི་སྤྱི་ཚོགས་སུ་བེད་སྤྱོད་གང་ཡང་མེད་པར་འགྱུར་བཞིན་པ་དང་། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱ་དམར་གཞུང་ལ་ཁ་གཏད་གཅོག་པའི་སྐབས་བོད་དོན་དེ་ཡང་བེད་སྤྱོད་ཡོད་པ་ཞིག་ཏུ་འགྱུར་དགོས་ན། དེ་སྔོན་ཕུལ་བའི་ཡིག་ཆ་ཁག་རྒྱ་དམར་གཞུང་གིས་ངོས་ལེན་གཏན་ནས་མ་བྱས་པར་བརྟེན། ང་ཚོའི་ངོས་ནས་ཀྱང་ད་ནས་བཟུང་རྩིས་མེད་བཏང་བ་ཡིན་ཞེས་ཁ་གསལ་བཟོ་ཐུབ་ན། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བ་ལས་ཉུང་དུ་འགྲོ་མི་སྲིད་པ་དང་། ད་ལྟ་ཨ་རིས་གཙོས་འཛམ་གླིང་རྒྱལ་ཁབ་སྟོབས་ཆེན་མང་པོ་ཞིག་གིས་རྒྱ་ནག་ནས་བཟོ་གྲྭ་ཁག་ཀྱང་གཞན་དུ་སྤོ་རྒྱུའི་སྟ་གོན་བྱེད་བཞིན་པ་རེད།
མདོར་ན་ཆབ་སྲིད་ཀྱི་ཐོག་ནས་ཁེ་ཕན་རག་ཐུབ་མིན་ནི་གོ་སྐབས་འཛིན་མཁས་ལོད་ལ་རག་ལས་པ་དང་། ད་ལྟ་རྒྱལ་སྤྱིའི་སྟེང་ནས་སྲིད་གཞུང་མང་པོ་ཞིག་གིས་རྒྱ་གཞུང་ལ་ཁ་གཏད་ཀྱི་རྣམ་པ་འདི་བརྟན་པོ་དང་རྒྱུན་རིང་པོ་ཞིག་ཡིན་མིན་བཤད་དཀའ་ཡང་། སྤྱི་ཚོགས་རང་བཞིན་གྱི་རྒྱ་གཞུང་དང་རྒྱ་མི་རིགས་ལ་མི་དགའ་བའི་རྣམ་འགྱུར་འདི་དུས་ཡུན་ངེས་ཅན་ཞིག་ལ་གནས་ངེས་རེད། ད་ལྟའི་ཆར་ཐའེ་ཝན་གྱི་ལངས་ཕྱོགས་བརྟན་པོར་གནས་ཡོད་ཀྱང་། ཨ་རིས་གཙོས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱབ་སྐྱོར་སྔར་ལས་མང་བ་བྱེད་བཞིན་པ་འདི། ང་ཚོས་ཀྱང་བསམ་བློ་བསྐྱར་དུ་གཏོང་དགོས་པའི་དྲན་སྐུལ་ཞིག་ཏུ་ངོས་འཛིན་བྱེད་དགོས། ད་ལྟ་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་རྒྱ་གཞུང་དང་རྒྱ་མི་རིགས་ལ་འཛམ་གླིང་ཁྱོན་ཡོངས་ནས་འཁོན་འཛིན་ཆེ་རུ་འགྲོ་བཞིན་ཡོད་པས། བོད་དོན་འཐབ་རྩོད་ཀྱི་ཐོག་ནས་རྙེད་དཀའ་བའི་གོ་སྐབས་བཟང་པོ་ཞིག་ཏུ་གྱུར་ཡོད། དེར་བརྟེན་གཞུང་སྒེར་གཉིས་ངོས་ནས་འདི་ཆུད་ཟོས་སུ་བཏང་ན་མ་འོངས་པར་ལོ་རྒྱུས་ཀྱི་ནག་ཐིག་ཅིག་ཏུ་འགྱུར་ངེས་རེད།།