འདི་ལོའི་ནོ་སྦེལ་གསོ་རིག་གཟེངས་རྟགས་དེ་ཚན་རིག་པ་གསུམ་ལ་ཐོབ་འདུག
འདི་ལོའི་ནོ་སྦེལ་གསོ་རིག་གཟེངས་རྟགས་དེ་མཆིན་པའི་ནད་འབུ་ག་པ་(ཧེ་ཕི་ཋའེ་ཋ་སིའི་) (Hepatitis C virus) གསར་རྙེད་བྱེད་མཁན་གྱི་ཚན་རིག་པ་གསུམ་ལ་ཐུན་མོང་དུ་ཐོབ་འདུག
དེ་རིང་རེས་གཟའ་ཟླ་བའི་ཉིན་ནོ་བྷེལ་ཚོགས་ཆུང་གི་ཚོགས་གཙོས་འདི་ལོའི་ནོ་སྦེལ་གསོ་རིག་གཟེངས་དེ་ཨ་རིའི་ཚན་རིག་པ་ཧར་ཝི་(Harvey J Alter) དང་། ཆར་ལི་སི་(Charles M Rice) གཉིས་དང་། དབྱིན་ཇིའི་ཚན་རིག་པ་མཱ་ཁལ་(Michael Houghton) བཅས་ལ་ཐུན་མོང་དུ་ཐོབ་པ་དང་། དེའི་རྒྱུ་མཚན་ནི་ཁོང་གསུམ་གྱིས་ཧེ་ཕི་ཋའེ་ཋ་སི་ཡི་ནད་འབུ་གསར་པའམ་ག་པ་(Hepatitis C virus)གསར་རྙེད་བྱུང་བས་ཡིན་ཚུལ་ཕྱིར་བསྒྲགས་གནང་འདུག
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། འཛམ་གླིང་ནང་ཧེ་ཕི་ཋའེ་ཐ་སི་ཡི་ནད་པ་ས་ཡ་ ༧༠ ལྷག་འདུག་པ་དང་། ལོ་རེར་ནད་པ་འབུམ་ ༤ ཙམ་འདས་གྲོངས་སུ་འགྱུར་གྱི་ཡོད་འདུག ནད་འདི་ནི་དྲག་སྐྱེད་དཀའ་བའི་ནད་ཅིག་ཡིན་ཞིང་། གློ་བའི་འབྲས་སྐྲན་གྱི་རྒྱུ་གཙོ་བོ་ཞིག་ཡིན་འདུག
འདི་ལོར་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་གསོ་རིག་ཞིབ་འཇུག་གི་གལ་ཆེའི་རང་བཞིན་མཐོང་དུ་བཅུག་སྟབས། གསོ་རིག་གཟེངས་རྟགས་ལ་དམིགས་བསལ་གྱི་དོན་སྣང་དང་ཆེ་མཐོང་ཞིག་འཐོབ་ཀྱི་ཡོད་འདུག
དེ་རིང་གསོ་རིག་གཟེངས་རྟགས་ཕྱིར་བསྒྲགས་བྱས་རྗེས། གཟེངས་རྟགས་གཞན་ལྔ་སྟེ། དངོས་ཁམས་རིག་པ་དང་། རྫས་སྦྱོར་རིག་པ། རྩོམ་རིག དཔལ་འབྱོར་རིག་པ། ཞི་བདེ་བཅས་ཀྱི་གཟེངས་རྟགས་རྣམས་རིམ་པས་ཕྱིར་བསྒྲགས་བྱེད་རྒྱུ་ཡིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།