འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་གྱིས་ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད་འདུག

འདི་ལོའི་འཛམ་གླིང་ནང་གྲགས་ཆེ་བའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ནི་ཨི་རན་གྱི་བུད་མེད་གཅིག་ལ་ཐོབ་ཡོད་པ་དང་། ཁོང་མོ་ནི་ཨི་རན་ནང་ཡོད་པའི་བུད་མེད་ཀྱི་རང་དབང་དང་ཐོབ་ཐང་རྩོད་ལེན་བྱེད་མཁན་ཞིག་ཡིན་འདུག ཁོང་མོར་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཐོབ་རྗེས་ཨི་རན་གཞུང་གིས་མོའི་སྙིང་དང་གློ་བ་ནད་པ་ཡིན་ཡང་། སྨན་བཅོས་བྱེད་རྒྱུར་བཀག་འགོག་བྱས་པར་བརྟེན། མོས་ཟས་བཅད་ངོ་རྒོལ་བྱེད་རྒྱུ་འགོ་འཛུགས་བྱས་ཡོད་འདུག
ཕྱི་ཚེས་༦ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ་ལྟར་ན། རང་ལོ་༥༡ ཡིན་པའི་ཨི་རན་གྱི་བུད་མེད་(Narges Mohammadi)ཟེར་བ་དེ་ནི། ཨི་རན་ནང་བུད་མེད་ཀྱི་ཐོབ་ཐང་དང་རང་དབང་ཆེད་དུ་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་དང་། དམིགས་བསལ་ཁོང་མོས་ཨི་རན་ནང་བུད་མེད་རྣམས་ལ་ཆོས་ལུགས་ཀྱི་ཁྲིམས་ཡིག་(Sharia)ཟེར་བ་དེ་གཞིར་བཟུང་མགོ་ལ་རས་ཀྱིས་འགེབས་དགོས་པ་དང་། ལུས་ལ་གྱོན་ཆས་རིང་པོ་དང་ལུག་ལུག་རིགས་གྱོན་དགོས་པའི་ཆོས་ལུགས་ཀྱི་ཁྲིམས་ཡིག་དེ་ལ་ངོ་རྒོལ་བྱེད་ཀྱི་ཡོད་འདུག་ལ། དེ་བཞིན་ཁོང་མོས་ཨི་རན་ནང་སྲོག་ཁྲིམས་གཅོད་རྒྱུ་ལ་ཡང་ངོ་རྒོལ་བྱེད་ཀྱི་ཡོད་འདུག སྤྱི་ཡོངས་ཀྱིས་ཨི་རན་གྱི་འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་ནས་ཁོང་མོས་ལས་འགུལ་འདྲ་མིན་སྤེལ་བའི་རྐྱེན་གྱིས་ཁོང་མོ་འཛིན་བཟུང་ཐེངས་༡༣ ཙམ་དང་བཀག་ཉར་ཐེངས་༥། དེ་བཞིན་མི་ལོ་༣༡ རིང་བཙོན་འཇུག་གི་ཁྲིམས་ཆད་ཕོག་ཡོད་འདུག ཁོང་མོའི་ཁྱོ་ག་ནི་(Taghi Rahman)་ཟེར་བ་དེ་ཡིན་པ་དང་། ཁོང་ནི་ཨི་རན་གྱི་ཆབ་སྲིད་པ་ཞིག་ཡིན་འདུག་ཀྱང་། ཁོང་དང་ཁོང་གི་ཕྲུ་གུ་གཉིས་བཅས་ད་ལྟ་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ལ་སྐྱབས་བཅོལ་དུ་ཡོད་འདུག
ད་ཆར་ཨི་རན་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཚོགས་གཞོན་(Narges Mohammadi)་བཙོན་འཇུག་བྱས་ཏེ་ལོ་༡༠ འགྲོ་གི་ཡོད་ཀྱང་ད་ཆར་ཁྲིམས་ཆད་འཁུར་བཞིན་ཡོད་འདུག ད་ཆར་ཁོང་མོའི་སྙིང་དང་གློ་བ་ནད་པ་ཡིན་པའི་རྐྱེན་གྱིས་སྨན་བཅོས་དགོས་ཀྱི་ཡོད་ཀྱང་། ཨི་རན་གྱི་བཙོན་ཁང་ནང་གི་ལས་བྱེད་དག་གིས་ཁོང་མོ་སྨན་བཅོས་ཆེད་དུ་བཙོན་ཁང་གི་ཕྱི་ཕྱོགས་སུ་གཏོང་གི་མེད་པ་རེད་འདུག ཁོང་མོའི་ནང་མིས་བརྗོད་དོན་ལ་ཁོང་མོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་ཉིན་དེའི་ཞོགས་པ་ནས་ཟས་བཅད་ངོ་རྒོལ་བྱེད་འགོ་བཙུགས་ཡོད་པར་བརྗོད་འདུག བཙོན་ཁང་གི་སྨན་པས་ཁོང་མོའི་རྙིང་དང་གློ་བ་བརྗེ་བོ་མ་བརྒྱབས་ན་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཡོད་པས་སྨན་བཅོས་གང་མགྱོགས་བྱེད་དགོས་པར་བརྗོད་ཡོད་འདུག འོན་ཀྱང་། བཙོན་ཁང་ལས་བྱེད་ཀྱིས་གཞུང་གིས་ཁོང་མོ་ཕྱི་ཕྱོགས་སུ་སྨན་བཅོས་ཆེད་དུ་གཏོང་རྒྱུའི་ཆོག་མཆན་ཁོང་ཚོར་སྤྲོད་ཀྱི་མི་འདུག་ཅེས་རྗོད་ཀྱི་ཡོད་འདུག
ཕྱི་ལོ་༢༠༢༢ ལོར་ཨི་རན་ནང་(Mahsa Amini)ཟེར་བ་རང་ལོ་༢༢ ཡིན་པའི་བུད་མེད་ན་གཞོན་མ་ཞིག་ཨི་རན་གྱི་ཉེན་རྟོག་པས་བཀག་ཉར་བྱས་རྗེས་འདས་གྲོངས་སུ་ཕྱིན་པར་བརྟེན། ཨི་རན་ནང་མི་མང་གིས་ངོ་རྒོལ་རྒྱ་ཆེན་བྱས་ཡོད་པ་དང་། བུད་མེད་མང་པོས་མགོ་ལ་རས་ (hijab)མི་གྱོན་པ་སོགས་མི་མང་གིས་གཞུང་ལ་ངོ་རྒོལ་རྒྱ་ཆེན་བྱས་ཡོད་འདུག ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་ཀྱང་བརྗོད་དོན་ལ་ཨི་རན་གཞུང་གིས་མི་མང་ལ་ཆོས་ཁྲིམས་དེ་བཙན་གྱི་ཐོག་ནས་བཟོས་ཡོད་པ་དང་། སྤྱི་ཚོགས་ནང་མི་མང་ལ་གཉའ་གནོན་མུ་མཐུད་ནས་བྱེད་རྒྱུར་གཞུང་གིས་ཆོས་ཁྲིམས་དེ་གཏན་འབེབས་བྱས་ཡོད་པ་སོགས་སྐྱོན་རྗོད་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།