འདི་ལོར་རི་བོ་ཇོ་མོ་གླང་མའི་ཐོག་འཛེགས་ཏེ་འཛམ་གླིང་གི་ཟིན་ཐོ་གསར་པ་འགོད་མཁན་གཉིས་བྱུང་བ།

ཉེ་ཆར་བལ་ཡུལ་གྱི་ཤར་པ་ཞིག་དང་ཨིན་ཇིའི་སྐྱེས་པ་ཞིག་གིས་རི་བོ་ཇོ་མོ་གླང་མའི་ཐོག་འཛེགས་ཏེ་འཛམ་གླིང་གི་གྲགས་ཅན་གྱ་ིཟིན་ཐོ་གསར་པ་བཀོད་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༡༢ ཉིན་བྷི་བྷི་སི་ཡིས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་༥༤ སོན་པའི་ཀ་མི་རི་ཏ་ཤར་པ་Kami Rita Sherpa ཟེར་བའི་ཤར་པའི་མི་ཞིག་གིས་རི་བོ་ཇོ་མོ་གླང་མའི་ཐོག་ཐེངས་༢༩ པ་དེ་འཛེགས་པ་དང་། ལོ་༥༠ སོན་པའི་ཀན་ཀྲོན་Kenton Cool ཟེར་པའི་ཨིན་ཇིའི་སྐྱེས་པ་ཞིག་གིས་ཐེངས་༡༨ པ་དེ་འཛེགས་ཡོད་འདུག ཀ་མིས་སྔོན་ནས་འཛམ་གླིང་གི་ཟིན་ཐོ་བཀོད་ཟིན་ཡང་། ད་ཐེངས་ཁོ་རང་གི་ཟིན་ཐོ་དེ་ཁོ་རང་གིས་གཏོར་ནས་གྲགས་པ་གསར་གཏོད་ཀྱི་བྱས་རྗེས་ཤིག་བཞག་ཡོད་འདུག ཀ་མིས་ལོ་བཅུ་ཕྲག་གཉིས་རིང་རི་འཛེག་མཁན་ཚོའི་ལམ་སྟོན་པ་བྱས་ཡོད་པ་དང་། ཁོ་རང་རི་བོ་ཇོ་མོ་གླང་མའི་ཐོག་ཐེངས་དང་པོ་དེ་ཕྱི་ལོ་༡༩༩༤ ལོར་འཛེགས་ཡོད་འདུག དེ་ནས་བཟུང་ལོ་རེར་ཐེངས་རེར་རི་ཡི་རྩེ་མོ་བར་འཛེག་གི་ཡོད་འདུག་པ་བཞིན།

རེས་གཟའ་ཉི་མའི་ཞོགས་པའི་ཆུ་ཚོད་༧: ༣༠ ཐོག་ཀ་མི་སླར་ཡང་མི་ཊར་༨,༨༤༩ (ཕི་ཊི་༢༩,༠༠༠)ཡོད་པའི་ཇོ་མོ་གླང་མའི་ཡང་རྩེའི་ཐོག་སླེབས་ཡོད་འདུག
བདུན་ཕྲག་སྔོན་མར་ཇོ་མོ་གླང་མའི་གཞིས་སྒར་ནས་ཀ་མིས་སྤྱི་ཚོགས་དྲ་རྒྱའི་ཐོག་དུ་ “འཛམ་གླིང་གི་རྩེ་མོར་”ཐེངས་༢༩ པ་དེ་འཛེག་པར་སླེབས་ཡོད་ཅེས་དང་། གཞན་ཡང་ “མི་གཅིག་གི་ལས་ཀ་དེ་མི་གཞན་ཞིག་གི་དམིགས་ཡུལ་རེད།” ཅེས་བཀོད་ཡོད་འདུག
དེ་སྔོན་བརྒྱུད་ལམ་ཁག་ཏུ་རི་འཛེག་རྒྱུ་ནི་ཁོང་གི་ལས་ཀ་ཙམ་ཡིན་པར་གསུངས་ཡོད་ཀྱང་ལོ་སྔོན་མར་ཁོང་གི་རྒྱུན་རིང་གི་འགྲན་ཟླ་པ་སངས་ཟླ་བ་ཤར་པ་Pasang Dawa Sherpa ལས་རྒྱལ་བར་བྱེད་ཆེད་བསྐྱར་དུ་རི་བོ་ཐེངས་གཉིས་པ་དེ་འཛེགས་མེད།
ས་གནས་འགན་འཛིན་པས་བཤད་ཚུལ་ལྟར་ན། Gloucestershire ནས་ཡིན་པའི་ཨིན་ཇིའི་སྐྱེས་པ་ཀན་ཀྲོན་ཡང་རེས་གཟའ་ཉི་མའི་ཉིན་ཇོ་མོ་གླང་མའི་ཡང་རྩེར་སླེབས་འདུག་པ་དང་།
ཁོ་རང་ཡང་རི་འཛེག་མཁན་ཚོའི་ལམ་སྟོན་པ་ཡིན་པ་དང་། དེ་སྔོན་ཁོ་རང་གིས་AFP news agency ལ་ “ཤར་པ་མང་པོ་ཞིག་ང་ལས་མང་བ་འཛེགས་མྱོང་ཡོད་” ཅེས་དམའ་ས་བཟུང་སྟེ་བཤད་ཡོད་འདུག
གཞན་ཡང་ཕྱི་ལོ་༢༠༢༢ ལོར་ལྷག་པ་ཤར་པ་ཟེར་བའི་བལ་ཡུལ་གྱི་སྐྱེས་མ་ཞིག་
མང་ཚོགས་ནས་མ་དངུལ་བསྡུ་རུབ་བྱས་ཏེ་ཇོ་མོ་གླང་མ་ཐེངས་༡༠ པ་དེ་འཛེགས་ཏེ་བུ་མོའི་ནང་ནས་ཇོ་མོ་གླང་མ་མང་ཤོས་འཛེག་མཁན་དེ་ཆགས་ཡོད་འདུག
ཇོ་མོ་གླང་མ་འཛེག་རྒྱུའི་དུས་སྐབས་དེ་འགོ་ཚུགས་ཙམ་ཡིན་པ་དང་ཡོང་ལ་ཉེ་བའི་བདུན་ཕྲག་ཁ་ཤས་ནང་མི་བརྒྱ་ཕྲག་མང་པོ་ཞིག་འཛེག་པའི་རེ་བ་བྱེད་ཀྱི་ཡོད་འདུག
བལ་ཡུལ་གཞུང་གིས་དཔྱིད་དུས་ཀྱི་ཕྱི་ཟླ་༤ པ་ནས་༦ པའི་བར་མི་༤༠༠ ཙམ་ལ་རི་བོ་ཇོ་མོ་གླང་མ་འཛེག་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག་ལ། རི་འཛེག་མཁན་ཚང་མ་ས་གནས་ཀྱི་ལམ་སྟོན་པ་དང་མཉམ་དུ་འགྲོ་ཡི་ཡོད་པས་ཧ་ལམ་མི་༨༠༠ ཡིས་རི་འཛེག་གི་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག
ལོ་སྔོན་མར་མི་༦༠༠ ལྷག་རི་ཡི་རྩེ་མོར་སླེབས་ཐུབ་ཡོད་ཀྱང་མི་༡༨ རི་འཛེག་སྐབས་གྲོངས་ཡོད་འདུག
གསར་འགོད་པ། བསྟན་འཛིན་གཡང་འཛོམ།
