འཕགས་བོད་ས་མཚམས་སུ་བོད་དམག་མང་དུ་གཏོང་བཞིན་འདུག
རྒྱ་ནག་གཞུང་གིས་བོད་དམག་བསྡུ་རུབ་བྱས་ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་བྱང་ཤར་ཨ་རུ་ན་ཅལ་ཁུལ་བཅས་འཕགས་བོད་ས་མཚམས་སུ་སྐོར་གཡེང་དུ་གཏོང་བཞིན་ཡོད་འདུག

ཟླ་འདིའི་ཚེས་༢༧ ཉིན་(INDIA TODAY) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་ལ་ས་བབ་ཧ་ཅང་མཐོ་བའི་ལ་དྭགས་སོགས་སུ་དམག་མི་འགྲེམས་འཇོག་བྱེད་རྒྱུ་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། བོད་མི་ཚོ་ལ་ས་བབ་མཐོ་བའི་གནམ་གཤིས་དང་གྲང་ངར་ལ་གདོང་ལེན་བྱེད་རྒྱུའི་ནུས་པ་ཡོད་པར་བརྟེན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་འཕགས་བོད་ས་མཚམས་སུ་བོད་དམག་མང་དུ་གཏོང་བཞིན་ཡོད་འདུག
བོད་མི་ཚོ་རྒྱ་ནག་གི་དམག་དཔུང་ནང་ཞུགས་པ་ལ་ཐོག་མ་རྒྱ་ཡིག་སྦྱོང་དགོས་པ་དང་རྒྱ་ནག་དམར་ཤོག་ཚོགས་པ་དང་ལེན་བྱེད་དགོས་པ་སོགས་ཆ་རྐྱེན་མང་དག་ཅིག་ཁས་ལེན་བྱེད་དགོས་ཀྱི་ཡོད་འདུག
ཕྱི་ལོ་༢༠༢༠ ལོར་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་འཕགས་བོད་ས་མཚམས་ཁུལ་དུ་གདོང་ཐུག་བྱུང་བའི་ཁྲོད་བོད་དམག་ཚོས་བྱས་རྗེས་ཆེན་པོ་བཞག་ཡོད་པར་བརྟེན། ཕྱི་ལོ་༢༠༢༡ ལོ་འགོ་ནས་རྒྱ་གཞུང་གིས་བོད་ནང་བོད་དམག་བསྡུ་རྒྱུ་ལ་ཡང་སྒུལ་ཤུགས་ཆེན་པོ་ཐེབས་ཡོད་འདུག
རྒྱ་ནག་གཞུང་གིས་འཕགས་བོད་ས་མཚམས་ཁུལ་དུ་སྟོབས་ཤུགས་རྒྱ་སྐྱེད་སླད། བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་དུ་བོད་མིའི་ཁྱིམ་ཚང་རེ་རེ་ནས་ཁྱིམ་མི་གཅིག་རེ་ངེས་པར་དུ་བཅིངས་འགྲོལ་དམག་ཁོངས་སུ་ཆེད་གཏོང་དགོས་པའི་བཙན་བཀའ་བཏང་ཡོད་པའི་གནས་ཚུལ་ཡང་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།