འཕྲོས་དོན་དྲི་བ་ལ་ལན་རྒྱག་རྒྱུ་མེད་པ་མིན་ཡང་རྒྱག་ཐུབ་ས་མ་རེད་ཅེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་དྲུག་པའི་ཐོག བོད་རང་བཙན་བརྩད་ན། བོད་རང་སྐྱོང་ལྗོངས་ལ་འོས་བབ་ཆེ་བ་ཡོད་རེད་ཅེས་གསུངས་པ་དང་འབྲེལ། སྤྱི་འཐུས་ཁག་ཅིག་གིས་བཀའ་ཤག་གིས་སྤྱི་འཐུས་ཀྱི་དྲི་བ་ལ་ལན་འདེབས་བྱེད་རྒྱུ་དེ་བཅའ་ཁྲིམས་ཀྱིས་བསྐུར་བའི་འགན་ཆགས་ཀྱི་ཡོད་པ་དང་། བཀའ་ཤག་གིས་འགན་ཁུར་ནས་བཀའ་མོལ་གནང་དགོས་པ་མ་གཏོགས་ལོ་རྒྱུས་ཀྱི་དཔང་པོ་རྫུན་མ་དེ་འདྲ་བྱེད་མི་རུང་བ་སོགས་ཀྱི་དགོངས་ཚུལ་ལྷུག་པོ་གསུངས་སོང་།

པར། སྤྱི་འཐུས་ལྷན་ཚོགས།

ཕྱི་ལོ་༢༠༢༥ ཟླ་༩ ཚེས་༡༦ ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་དྲུག་པའི་ཐོག སྲིད་སྐྱོང་གིས་དེ་སྔར་བོད་རང་བཙན་བརྩད་ན། བོད་རང་སྐྱོང་ལྗོངས་ལ་འོས་བབས་ཆེ་བ་ཡོད་རེད་ཅེས་གསུངས་པ་དང་འབྲེལ། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེས་དགའ་ལྡན་ཕོ་བྲང་གཞུང་གི་མངའ་ཁོངས་ཟེར་དུས་སྲིད་སྐྱོང་མཆོག་ནས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ཚུད་པའི་ས་ཁྱོན་ལ་ངོས་འཛིན་བྱེད་མ་ཐུབ་པའི་རྒྱུ་མཚན་ཇི་ཡིན་དང་། ༧རྒྱལ་བ་སྐུ་ཕྲེང་དྲུག་པ་དང་བདུན་པ་དང་བརྒྱད་པ་བཅས་སྐབས་སོ་སོར་མདོ་སྟོད་སྨད་གཉིས་ཀའི་ས་ཆ་རྒྱ་མི་དང་མན་ཇུའི་འོག་ལ་ཤོར་བའི་དཔང་རྟགས་ཡིག་ཆ་ཇི་ཡོད་དང་། སྲིད་སྐྱོང་མཆོག་ནས་མན་ཇུའི་རྒྱལ་རབས་དེར་རྒྱ་མིའི་རྒྱལ་ཁབ་དང་། མན་ཇུའི་མི་རིགས་ལ་རྒྱ་མི་ཞེས་འབོད་ཀྱི་ཡོད་དམ་མེད། བོད་རང་བཙན་བརྩད་ན་བོད་རང་སྐྱོང་ལྗོངས་ལ་འོས་བབ་ཆེ་བ་ཡོད་རེད་ཅེས་གསུངས་པར། འོས་བབས་ཡོད་ས་དེ་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་གནས་སྟངས་དར་བའི་དུས་སྐབས་སམ། ཡང་ན་དེའི་གོང་གི་ས་སྐྱ་པའམ་བོད་བཙན་པོའི་སྐབས་ཀྱི་ས་ཁྱོན་གནས་སྟངས་གང་རུང་རྩ་འཛིན་མ་བྱས་པར། དགའ་ལྡན་ཕོ་བྲང་ཅུང་ཟད་ཉམས་རྒུད་འགྲོ་སྐབས་ཁོ་ནར་རྩ་འཛིན་བྱེད་དགོས་དོན་གྱི་རྒྱབ་ལྗོངས་ཇི་ཡིན་ཞེས་སྐར་རྟགས་ཅན་གྱི་དྲི་བ་གསུམ་དྲིས་པར།
སྲིད་སྐྱོང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་༢༦ པའི་ནང་གསེས་༣ ལྟར་ཁུངས་སྐྱེལ་འགན་འཁུར་སྤྱི་འཐུས་དེ་རང་ནས་འཁྱེར་དགོས་པ་ཞེས་དང་། གྲོས་ཚོགས་ནང་ཞུས་ཟིན་པ་བཞིན་༧རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐབས་ཀྱི་གནས་སྟངས་ཁ་ཁ་མ་གཏོགས་དེའི་རྗེས་ཀྱི་གནས་སྟངས་ཇི་ཆགས་ལོ་རྒྱུས་ཀྱི་གནས་བབས་ཐོག་ནས་གསལ་པོ་ཡིན་ཞེས་ལན་འདེབས་གནང་བ་མ་ཟད། མདོ་སྟོད་སྨད་གཉིས་མན་ཇུའི་ཁོངས་གཏོགས་ཡིན་པ་དུས་ནམ་ཡང་བརྗོད་མ་མྱོང་། བོད་དང་སོག་པོ། མན་ཇུ་དང་རྒྱ་མི་སོ་སོར་མི་རིགས་ཐ་དད་ཡིན་པ་ངོས་འཛིན་ཞུ་ཡི་ཡོད་ཅེས་དང་། དེ་བཞིན་ཁོང་གིས་སྤྱི་ཡོངས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབས་འོག་ནས་ཞུས་པ་ཡིན་བཅས་ལན་འདེབས་གནང་སོང་།
སྲིད་སྐྱོང་གི་སྐར་རྟགས་ཅན་གྱི་དྲི་བ་ཨང་༤ པའི་བཀའ་ལན་ལས་འཕྲོས་ཏེ། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེས་བོད་ཆོལ་ཁ་གསུམ་དགའ་ལྡན་ཕོ་བྲང་གཞུང་གི་འོག་ཏུ་ཚུད་ཡོད་མེད་དང་། དྲི་བ་དེར་ལན་འདེབས་བྱས་མ་ཐུབ་པའི་རྒྱུ་མཚན་དང་རྒྱབ་ལྗོངས་གང་ལ་ཐུག་མིན། རྒྱལ་བ་སྐུ་ཕྲེང་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་སྐབས་སུ་མདོ་སྟོད་སྨད་གཉིས་སུའི་ཁོངས་གཏོགས་ཡིན་པར་ངོས་འཛིན་གནང་གི་ཡོད་མེད་བཅས་དྲིས་པར། སྲིད་སྐྱོང་གིས་ལོ་རྒྱུས་གང་ཐུབ་བལྟས་ནས་ཞུས་ཀྱི་ཡོད་པ་དང་། དྲི་བ་གཏོང་མཁན་གྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་༤ པའི་སྔོན་གླེང་ནང་དངོས་ཡོད་ལོ་རྒྱུས་འཁྱོག་བཤད་དང་ལོག་འགྲེལ་ཞེས་པ་དག་ཁུངས་སྐྱེལ་བྱེད་དགོས་པ་དང་། ཁུངས་སྐྱེལ་བྱེད་རྒྱུའི་ལམ་ཁ་དྲི་བ་དྲིས་ལན་གྱི་སྐབས་སུ་མེད་པ། ཁུངས་སྐྱེལ་མ་བྱས་པར་འཕྲོས་དོན་དྲི་བ་ལ་ལན་རྒྱག་རྒྱུ་མེད་པ་མིན་ཡང་རྒྱག་ཐུབ་ས་མ་རེད་ཅེས་གསུངས་སོང་།
སྲིད་སྐྱོང་གི་བཀའ་ལན་ལས་འཕྲོས་ནས་སྤྱི་འཐུས་ཁག་ཅིག་གིས་གྲོས་ཚོགས་ཏག་ཏག་འགྲོ་བཞིན་པ་དེ་མ་འགྲོ་བ་བཟོ་ཕྱིར་ཐབས་ཤེས་གཏོང་གི་ཡོད་ན་མ་གཏོགས། བཀག་ཤག་གིས་གྲོས་ཚོགས་སུ་འགན་འཁུར་རྩིས་རྒྱག་ལན་འདེབས་བྱེད་དགོས་པ་དང་། བཅའ་ཁྲིམས་ལ་ཐུགས་འགན་བཞེས་དགོས་པ་དང་མི་མང་ལ་འགན་འཁུར་དགོས་པ། འགན་འཁུར་མ་ཐུབ་པ་དང་ལོ་རྒྱུས་ཤེས་ཀྱི་མེད་ན་བཀའ་མོལ་གང་བྱུང་གསུང་རྒྱུ་མེད་པ། ལོ་རྒྱུས་ཀྱི་དཔང་པོ་རྫུན་མ་དེ་འདྲ་བྱེད་རྒྱུ་མེད་པ། ཆབ་སྲིད་ཀྱི་དབུ་ཁྲིད་ལ་བོད་བཙོང་རྒྱུའི་ཐོབ་ཐང་མེད་པ་སོགས་ཀྱི་དགོངས་ཚུལ་གསུངས་སོང་།
དེ་བཞིན་རྒྱལ་སྤྱིའི་འགྲོ་སྟངས་ཀྱི་ཐོག་ནས་མ་འོངས་པར་རང་བཙན་རྩོད་ལེན་བྱེད་པའི་སྐབས་སུ། ཡིན་གཅིག་མིན་གཅིག་ལོ་རྒྱུས་ཀྱི་གནས་བབས་ཁོ་ན་གཞི་འཛིན་ན་མ་གཏོགས་རྩོད་མི་ཆོག་པ་རེད་དམ། རང་བཙན་བརྩད་ན་བོད་རང་སྐྱོང་ལྗོངས་ལ་འོས་བབ་ཆེ་བ་ཡོད་རབས་གསུངས་པ་དེ། བོད་རྒྱ་འབྲེལ་མོལ་དང་སྒོ་རྒྱབ་ཀྱི་འབྲེལ་བ་བརྒྱུད་ནས་བརྡ་འདྲ་ཞིག་རག་ནས་གསུང་གི་ཡོད་མེད་སོགས་དྲིས་པར། སྲིད་སྐྱོང་གིས་ལན་འདེབས་གནང་མ་སོང་། མཐར་འཕྲོས་དོན་དྲི་བ་གསུམ་པར་ལན་འདེབས་གནང་རྗེས་དྲི་བ་དྲིས་ལན་གྱི་དུས་ཚོད་རྫོགས་སོང་།།
གསར་འགོད་པ། བློ་བཟང་རྒྱ་མཚོ།