འབར་མའི་དང་བླང་དམག་མི་རྣམས་ཀྱིས་འབར་མའི་དམག་མིའི་སྲིད་གཞུང་གི་མི་སྣ་མང་པོ་འཛིན་བཟུང་བྱས་འདུག
འབར་མའི་ནང་དུས་ཡུན་རིང་པོ་ནས་དམག་མིའི་སྲིད་གཞུང་དང་གྲངས་ཉུང་མི་རིགས་ཁག་གི་དང་བླང་དམག་མིའི་བར་ནང་འཁྲུག་ཤོར་ནས་དམག་འཁྲུག་ཆེན་པོ་འབྱུང་བཞིན་པའི་སྐབས་འདིར། ད་ཆར་དང་བླང་དམག་མི་རྣམས་ཀྱིས་དམག་མིའི་སྲིད་གཞུང་གིས་མི་སྣ་མང་པོ་འཛིན་བཟུང་བྱེད་ཀྱི་ཡོད་འདུག

ཕྱི་ཚེས་༧ ཉིན་རྒྱ་གར་གྱི་(Wion )གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། གཟའ་ཟླ་བའི་ཉིན་དང་བླང་དམག་མིས་འབར་མའི་ནུབ་ཕྱོགས་ཀྱི་མངའ་སྡེ་(Rakhine state)ནང་དམག་མིའི་སྲིད་གཞུང་གི་དམག་དཔོན་དང་གཞན་གནད་ཡོད་མི་སྣ་བརྒྱ་ཕྲག་མང་པོ་བཟུང་ནས་བཙོན་འཇུག་བྱས་ཡོད་པར་བརྗོད་འདུག འདས་པའི་དུས་ཡུན་རིང་པོ་ནས་དམག་མིའི་སྲིད་གཞུང་དང་གྲངས་ཉུང་མི་རིགས་ཁག་གི་དང་བླང་དམག་མིའི་བར་དམག་འཁྲུག་རྒྱག་བཞིན་ཡོད་ཀྱང་། ད་ཆར་དང་བླང་དམག་མི་རྣམས་ཀྱིས་འབར་མའི་རྒྱལ་ས་འཛིན་ཐུབ་ཡོད་མི་འདུག དང་བླང་དམག་མི་རྣམས་ཀྱིས་འབར་མའི་དམངས་གཙོ་དོན་གཉེར་བ་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་(Aung San Kyi) ཨང་སུན་ཅིས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། ཕྱི་ལོ་༢༠༢༡ ནང་དམག་མིའི་སྲིད་གཞུང་གིས་ཁོང་མོ་བཙོན་ལ་བཅུག་པར་བརྟེན། འབར་མའི་གྲངས་ཉུང་མི་རིགས་མང་པོ་མཉམ་འབྲེལ་ཐོག་ནས་དམག་མིའི་སྲིད་གཞུང་ལ་ཁ་གཏད་གཅོག་བཞིན་ཡོད་འདུག ད་ཆར་དང་བླང་དམག་མི་རྣམས་ཀྱིས་འབར་མའི་ས་ཆ་ཕོན་ཆེན་པོ་བཟུང་ཡོད་འདུག་ལ། དམིགས་བསལ་འབར་མའི་རྒྱལ་སའི་མཐའ་འཁོར་དང་རྒྱ་གར་དང་བྷང་ལ་དྷེ་ཤི་གཉིས་ཀྱི་མཐའ་མཚམས་སུ་ཡོད་པའི་རྫོང་ཁག་མང་པོ་ཞིག་བཙན་བཟུང་བྱས་ཡོད་འདུག དང་བླང་དམག་མི་རྣམས་ཀྱིས་(Military Operations Command 15)་ཟེར་བའི་དམག་གི་རྟེན་གཞི་གལ་ཆེན་ཞིག་བཙན་བཟུང་བྱས་ཡོད་པའི་བརྙན་ཐུང་ཞིག་ཀྱང་དྲྭ་ཐོག་ཏུ་བཀྲམ་ཡོད་འདུག བརྙན་ཐུང་དེའི་ནང་དམག་མིའི་སྲིད་གཞུང་གི་དམག་དཔོན་གཅིག་འཛིན་བཟུང་བྱས་ཡོད་པར་བརྟེན། དམག་དཔོན་དེས་རྒྱ་སྐད་དང་དབྱིན་སྐད་ནང་དམག་མིའི་སྲིད་གཞུང་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད་པས། གཞན་རྣམས་ཀྱིས་མགོ་བཏགས་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག བརྙན་ཐུང་དེའི་ནང་དམག་མིའི་སྲིད་གཞུང་གི་མི་སྣ་དང་དམག་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་མཐོང་རྒྱུ་ཡོད་འདུག་ལ། གཞན་གོ་མཚོན་ཡང་མང་པོ་ཞིག་འཕྲོགས་ཡོད་པ་མཐོང་རྒྱུ་ཡོད་འདུག འབར་མའི་མཐའ་མཚམས་ཀྱི་དམག་མི་རྣམས་ཀྱིས་རང་ལྗོངས་ས་ཁུལ་རག་ཐབས་ཆེད་དུ་ཕྱི་ལོ་ ༡༩༤༨ ལོར་འབར་མ་རང་བཙན་རག་དུས་ནས་གཞུང་དམག་དང་འཐབ་ཀྱི་ཡོད་འདུག་ལ། ཕྱི་ལོ་༢༠༡༩ ནས་དང་བླང་དམག་མི་དང་དམག་མིའི་སྲིད་གཞུང་གི་དམག་མིའི་བར་འཁྲུག་འཛིང་ཤོར་ནས་དུས་ད་ལྟ་ཡང་མཚམས་མ་ཆད་ནས་འཛིང་བཞིན་ཡོད་འདུག ཕྱི་ལོ་༢༠༡༧ ལོར་འབར་མའི་ནང་ཡོད་པའི་ཁ་ཆེ་རོ་ཧིན་ཡ་(Rohingya)་ཟེར་བའི་མི་རིགས་རྣམས་ལ་འབར་མའི་སྲིད་གཞུང་གིས་རྡུང་རྡེག་ཚབས་ཆེན་བྱས་པའི་རྐྱེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབར་མའི་སྲིད་གཞུང་གིས་མི་རིགས་སྡེབ་གསོད་བྱས་པའི་ཉེས་འཛུགས་བྱས་ཡོད་འདུག ད་ཆར་འབར་མའི་མངའ་སྡེ་༡༥ དང་ས་ཁུལ་༡༧ ནང་དམག་འཁྲུག་དེ་ཁྱབ་ནས་མི་མང་བརྒྱ་ཕྲག་མང་པོ་བསད་ཡོད་པ་དང་། མི་མང་༣༠༠༠༠༠ ཙམ་ས་གནས་གཞན་ལ་གནས་སྤོ་དགོས་བྱུང་ཡོད་པར་བརྗོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།
