འབར་མའི་དམག་གི་གནམ་གྲུ་དང་ལྷན་དུ་མི་༡༢༢ བརླགས་འདུག
མི་༡༢༢ འཁྱེར་མཁན་གྱི་འབར་མའི་དམག་གི་གནམ་གྲུ་འཕུར་བསྐྱོད་བྱེད་བཞིན་པ་ཞིག་བོར་བརླག་སོང་ཡོད་པ་དང་། གནམ་གྲུ་དེ་རྒྱ་ནག་ནས་བཟོ་བསྐྲུན་བྱས་པ་ཞིག་ཡིན་འདུག
ཟླ་འདིའི་ཕྱི་ཚེས་༨ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འབར་མའི་དམག་གི་གནམ་གྲུ་མི་༡༢༢ འཁྱེར་མཁན་ཞིག་ཟླ་བ་འདིའི་ཕྱི་ཚེས་༧ ཉིན་བོར་བརླག་ཤོར་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༨ ཉིན་གྱི་སྔ་དྲོར་ཨན་ཌ་མན་མཚོ་ནང་ནས་མི་ཁག་ཅིག་གི་རོ་དང་། གནམ་གྲུའི་འཁོར་ལོ། སྲོག་སྐྱོབ་སྟོད་ལྷེ། དེ་བཞིན་ཅ་དངོས་ཁག་ཅིག་བཅས་རྙེད་སོན་བྱུང་ཡོད་སྐོར་འདུག་ཀྱང་། གནམ་གྲུ་བོར་བརླག་ཤོར་བའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་ད་ལྟ་གསལ་པོ་ཆགས་མེད་པ་རེད། དེ་བཞིན་སྐབས་དེར་སྤྱིའི་ཆ་ནས་ཆར་དུས་ཀྱི་ནམ་ཟླ་ཡིན་མིན་ལ་མ་ལྟོས་པར་གནམ་གཤིས་སྡུག་པོ་བསྟན་ཡོད་པའི་གནས་ཚུལ་མེད་འདུག
གནམ་གྲུའི་མིང་ལ་Y-8 གནམ་གྲུ་ཟེར་གྱི་ཡོད་པ་དང་། དེ་ནི་རྒྱ་ནག་ནས་བཟོ་བསྐྲུན་བྱས་པའི་ཐོན་རྫས་ཤིག་ཡིན་ཁར། ན་ནིང་ལོར་རྒྱ་ནག་ནས་ཉོས་ཏེ་ད་བར་ཆུ་ཚོད་༨༠༩ རིང་འཕུར་ཡོད་འདུག
གནམ་གྲུ་དེ་ནི་ནམ་རྒྱུན་ནས་འབར་མ་ནང་ཁུལ་གྱི་ས་གནས་མའེ་ཡིཀ་དང་ཡང་གྷོན་བར་དུས་ཡུན་ཆུ་ཚོད་ཕྱེད་ཙམ་གྱི་རིང་ལ་འཕུར་བསྐྱོད་བྱེད་ཀྱི་ཡོད་པ་དང་། ད་ཐེངས་ཀྱང་དེ་ལྟར་འཕུར་བསྐྱོད་བྱེད་སྐབས་བོར་བརླག་ཤོར་བ་ཞིག་ཡིན་འདུག་ཀྱང་། འཚོལ་བཤེར་རུ་ཁག་གིས་གནམ་གྲུ་ཆག་རོ་དང་ཕུང་པོ་ཁག་ཅིག་ཨན་ཌ་མན་མཚོ་ནང་ནས་རྙེད་སོན་བྱུང་ཡོད་འདུག ཐེངས་འདིར་གནམ་གྲུའི་ནང་ལས་མི་༡༤ དང་། དམག་མི། བཟའ་ཚང་བུ་ཕྲུག་དང་བཅས་པ་མི་༡༠༨ བཅས་ཁྱོན་མི་༡༢༢ ཡོད་འདུག
སྤྱིར་འབར་མའི་ནང་ཉེ་དུས་སུ་གནམ་གྲུ་བརྡབ་སྐྱོན་བྱུང་ནས་གནས་ཚུལ་མང་པོ་བྱུང་ཡོད་འདུག་ཀྱང་། འབར་མ་རུ་ཡོད་པའི་སྦི་སྦི་སི་གསར་འགོད་པས་བརྗོད་པ་ལྟར་ན། ད་ཐེངས་ཀྱི་བརྡབ་སྐྱོན་འདི་ནི་འབར་མ་རྒྱལ་ཁབ་ཀྱི་མཁའ་ལམ་སྐྱེལ་འདྲེན་ཁྲོད་ནས་མིའི་ཚེ་སྲོག་ཤོར་བ་མང་ཤོས་དང་། གོད་ཆག་ཆེ་ཤོས་ཀྱི་གནས་ཚུལ་དེ་ཆགས་རྒྱུ་ཡིན་སྐོར་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
