འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་༢༠༢༣ བར་སྲིད་དབང་འཛིན་རྒྱུའི་གསལ་བསྒྲགས་སྤེལ་འདུག 

འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་སྲིད་གཞུང་གི་སྲིད་དབང་བཙན་འཕྲོག་བྱས་ཏེ་ཟླ་བ་༦ སོང་རྗེས། དེ་སྔོན་འོས་བསྡུ་གོ་སྒྲིག་བྱེད་རྒྱུ་ཡིན་པའི་ཁས་ལེན་དང་འགལ་ཏེ། ད་དུང་ཡང་ལོ་གཉིས་རིང་སྲིད་དབང་འཛིན་རྒྱུའི་གསལ་བསྒྲགས་སྤེལ་འདུག 

ཟླ་༨ པའི་ཚེས་༡ ཉིན་འབར་མའི་དམག་གི་སྒྲིག་འཛུགས་ཀྱི་དམག་དཔོན་ཆེན་མོ་མཱིན་ཨོང་ཧེ་ལེང་(Min Aung Hlaing) གིས་བརྙན་འཕྲིན་བརྒྱུད་གསལ་བསྒྲགས་ཤིག་སྤེལ་ཏེ། འབར་མ་ནང་ཛ་དྲག་གི་བཀའ་རྒྱ་དེ་མུ་མཐུད་ནས་ལོ་གཉིས་དུས་འགྱངས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། ཉིན་དེའི་དགོང་མོར་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་བར་བརྒལ་གཞུང་ཞིག་གསར་འཛུགས་བྱེད་རྒྱུ་ཡིན་པས། དེའི་འགོ་ཁྲིད་སྲིད་བློན་དམག་དཔོན་ཆེན་མོ་མཱིན་ཨོང་ཧེ་ལེང་ཡིན་པའི་གསལ་བསྒྲགས་སྤེལ་འདུག དེ་སྔོན་མང་གཙོའི་ལམ་ནས་བདམས་པའི་སྲིད་གཞུང་གི་སྲིད་དབང་བཙན་འཕྲོད་བྱས་རྗེས། འོས་བསྡུ་གོ་སྒྲིག་བྱེད་རྒྱུ་ཡིན་པའི་ཁས་ལེན་དེ་རྫུན་མ་ཡིན་པ་གསལ་པོ་ཆགས་ཡོད་འདུག 

འབར་མ་རྒྱལ་ཡོངས་སུ་སྲིད་དབང་བཙན་འཕྲོག་དེར་འགོག་རྒོལ་བྱེད་མཁན་གྱི་འགོ་ཁྲིད་གཅིག་གིས། ཐོག་མ་ཉིན་ནས་ཁོ་ཚོའི་ཁས་ལེན་རྣམས་སྒྲུབ་རྒྱུ་མིན་པ་ཤེས་ཀྱི་ཡོད་པ་དང་། ཁོ་ཚོས་སྲིད་དབང་འཛིན་ཆེད་ཀྱི་ཆབ་སྲིད་ཁོར་ཡུག་བསྐྲུན་རྒྱུ་ཡིན་པ་ཤེས་ཀྱི་ཡོད་པས། ཁོ་ཚོར་ཕམ་ཁ་མ་བྱུང་བར་ངོ་རྒོལ་མུ་མཐུད་སྤེལ་དགོས་པ་དང་། དམག་གི་སྒྲིག་འཛུགས་ཀྱི་དཔོན་པོ་དང་དམག་མི་དཀྱུས་མ་བར་གྱི་འབྲེལ་བ་བཅད་ཐབས་བྱེད་དགོས་སྐོར་བརྗོད་འདུག 

ཟླ་༢ པའི་ཚེས་༡ ནས་བཟུང་ཉུང་མཐར་མི་གྲངས་༩༤༠ ཡི་ཚེ་སྲོག་འབར་མའི་དམག་གི་སྒྲིག་འཛུགས་ཀྱི་ལག་ཏུ་ཤོར་ཡོད་འདུག་པ་དང་། འདེམས་ཐོན་བྱུང་བའི་འགོ་ཁྲིད་ཆ་ཚང་ཚུད་པའི་མི་གྲངས་༥༤༠༠ ལས་མང་བ་བཀག་ཉར་འོག་ཡོད་པ་རེད། དེ་བཞིན་དམག་གི་སྒྲིག་འཛུགས་ཀྱིས་ལྕམ་ཨང་སན་སུ་ཅིའི་རྒྱལ་ཡོངས་མང་གཙོ་མཐུན་ཚོགས་གཏན་དུ་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་འདུག 

འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་དྲག་གནོན་ལ་མ་ལྟོས་པར། རྒྱལ་ནང་དུ་ཉིན་ལྟར་མི་མང་གིས་དམག་མི་མ་སླེབས་པའི་སྔོན་དུ་སྐར་མ་ཁ་ཤས་ངོ་རྒོལ་ལས་འགུལ་སྤེལ་ནས་ཁ་གྱེས་ཀྱི་ཡོད་འདུག་པ་དང་། ངོ་རྒོལ་ལས་འགུལ་གྱི་པར་རྣམས་དྲ་ཐོག་ཏུ་བཞག་ནས་ལས་འགུལ་རྒྱུན་སྐྱོང་བྱེད་བཞིན་ཡོད་འདུག 

འབར་མའི་ནང་དམག་གི་སྒྲིག་འཛུགས་ཀྱི་དྲག་གནོན་ཐོག་ཏུ། ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་ཆགས་ཡོད་པའི་ཐོག དམག་གི་སྒྲིག་འཛུགས་ཀྱིས་སོ་སོའི་དམག་མིར་སྔོན་འགོག་སྨན་ཁབ་བརྒྱབ་པ་ལས། མི་མང་ལ་རྒྱག་གི་མེད་ཁར། དགོས་ངེས་ཆེ་བའི་སྲོག་རླུང་རྣམས་སྒེར་གྱིས་ཉོ་ཚོང་མི་ཆོག་པ་བཟོས་ཡོད་འདུག་པས། གྲངས་ཉུང་མི་རིགས་ཀྱི་གྱེན་ལངས་དམག་མིའི་རུ་ཁག་ཁ་ཤས་ཀྱིས་སྟངས་འཛིན་འོག་ཡོད་པའི་ས་གནས་ཁག་ཏུ། སྔོན་འགོག་སྨན་ཁབ་ཀྱི་ལས་དོན་སྤེལ་ཡོད་པ་རེད་འདུག 

ཟླ་༢ པའི་ཚེས་༡ ཉིན་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་འོས་བསྡུ་དྲང་བདེན་བྱུང་མེད་སྐོར་བརྗོད་ནས། མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་འགོ་ཁྲིད་ཚང་མ་འཛིན་བཟུང་བྱས་ཏེ་སྲིད་དབང་བཙན་འཕྲོག་བྱས་ཡོད་པ་དང་། སྐབས་དེར་ལོ་གཅིག་རིང་ཛ་དྲག་གི་བཀའ་རྒྱ་བཏང་ཡོད་ཀྱང་། ད་ལྟ་ཟླ་བ་༦ སོང་རྗེས་སླར་ཡང་ལོ་གཉིས་རིང་དུས་འགྱངས་བྱས་ཡོད་པ་རེད། དེ་ཡང་ལོ་སྔོན་མའི་ཟླ་༡༡ པའི་ནང་འབར་མའི་དམག་གི་སྒྲིག་འཛུགས་ཀྱི་སྲིད་དབང་སྒེར་འཛིན་མཇུག་བསྒྲིལ་བའི་རྗེས་ཀྱི་གྲོས་ཚོགས་འོས་བསྡུ་ཐེངས་༢ པ་དེ་བྱས་ཡོད་པ་དང་། གྲུབ་དོན་དུ་ལྕམ་ཨང་སན་སུ་ཅི་ཡི་སྲིད་དོན་ཚོགས་པ་རྒྱལ་ཡོངས་མང་གཙོ་མཐུན་ཚོགས་ལ་འོས་གྲངས་བརྒྱ་ཆ་༨༣ ཐོབ་ནས་གཞུང་འཛིན་ཆོག་པའི་རྐུབ་སྟེགས་ཀྱི་གྲངས་ལས་བརྒལ་ཡོད་པས། རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད། འོན་ཀྱང་དམག་གི་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་བྱེད་ཡུལ་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་གི་རྐུབ་སྟེགས་༤༧༦ ནས་༣༣ མ་གཏོགས་ཐོབ་མེད་པས། དམག་གི་སྒྲིག་འཛུགས་ཀྱིས་འོས་བསྡུ་དེ་དྲང་བདེན་བྱུང་མེད་པ་དང་འོས་ཤོག་བརྐུས་ཡོད་པའི་ཉེས་འཛུགས་བྱས་འདུག་ཀྱང་། འོས་བསྡུ་ལས་ཁང་གིས་ཉེས་འཛུགས་དེ་ནི་དཔང་རྟགས་མེད་པའི་ཉེས་འཛུགས་ཡིན་པར་བསྒྲགས་ནས་ཁས་ལེན་བྱས་མི་འདུག 

སྲིད་དབང་བཙན་འཕྲོག་དེར་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་དང་དཔལ་འབྱོར་ཉེས་ཆད་བཏང་ཡང་། དོན་ཕན་ལྡན་པའི་གནོན་ཤུགས་སྤྲད་ཐུབ་མེད་ཁར། དམག་གི་སྒྲིག་འཛུགས་ཀྱིས་ངོ་རྒོལ་བ་མི་མང་དཀྱུས་མ་མང་པོ་གསོད་བཞིན་ཡོད་པས། མི་མང་དཀྱུས་མ་མང་པོ་ཞིག་གིས་དྲག་པོའི་གྱེན་ལངས་བྱེད་རྒྱུ་ལས་ལམ་ཁ་གཞན་མེད་པར་ངོས་འཛིན་གྱིས་མཉམ་ཞུགས་བྱེད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།