འབར་མའི་དམག་གི་སྲིད་གཞུང་ནས་ནང་པའི་མི་རིགས་རིང་ལུགས་པ་རྩོད་རྙོག་ཅན་ཞིག་བཙོན་གྲོལ་བཏང་འདུག
ད་ལྟའི་ཆར་འབར་མའི་ཁྲིམས་མཐུན་སྲིད་གཞུང་དེ་དམག་གི་སྒྲིག་འཛུགས་ཀྱིས་བཙན་བཟུང་བྱས་ཡོད་པས། དེ་སྔོན་ལྕམ་ཨང་སན་སུ་ཅིའི་སྲིད་གཞུང་གིས་འཛིན་བཟུང་བྱས་པའི་ནང་པའི་མི་རིགས་རིང་ལུགས་པ་གྲྭ་པ་ཝི་རཱ་ཐུ་བཙོན་གྲོལ་བཏང་འདུག འབར་མའི་ནང་ཁ་ཆེར་དྲག་རྒོལ་གྱི་གནད་དོན་བརྒྱུད་སྐུལ་སློང་མཁན་གྲས་སུ་ཁོང་ནི་སྐད་གྲགས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་བཞིན་པ་རེད།
ཟླ་༩ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་༦ ཉིན་འབར་མའི་དམག་གི་སྲིད་གཞུང་གིས། རྩོད་རྙོག་ཅན་གྱི་ནང་པའི་གྲྭ་པ་ཝི་རཱ་ཐུ་ལ་དེ་སྔོན་ཉེས་འཛུགས་བྱས་པ་ཚང་མ་ཕྱིར་འཐེན་བྱས་ཏེ་བཙོན་གྲོལ་བཏང་ཡོད་པའི་གསལ་བསྒྲགས་བྱས་འདུག
དེ་ཡང་གྲྭ་ཝི་རཱ་ཐུ་ནི་ཡོངས་གྲགས་སུ་ནང་པའི་མི་རིགས་རིང་ལུགས་པ་རྩོད་རྙོག་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁོང་གིས་འབར་མའི་ནང་གི་ཁ་ཆེ་མི་རིགས་ལ་ཁ་གཏད་ཀྱིས་སྐད་ཆ་མང་པོ་བཤད་ཡོད་པ་མ་ཟད། གསུང་ཆོས་ཀྱི་ལས་རིམ་སྐབས་སུ་ཡང་ཁ་ཆེར་དམིགས་པའི་སྐྱོན་བརྗོད་མང་པོ་བྱས་ཡོད་པ་རེད། འོན་ཀྱང་ཁོང་གིས་དམག་གི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་ཁར། དམག་གི་སྒྲིག་འཛུགས་ཀྱི་ལས་རིམ་ལ་གཏམ་བཤད་ཀྱང་བྱེད་ཀྱི་ཡོད་འདུག
ཉེ་བའི་ལོ་ཤས་རིང་ཁོང་གིས་མི་མང་གིས་འོས་འདེམས་བྱས་པའི་ལྕམ་ཨང་སན་སུ་ཅིའི་སྲིད་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱེད་འགོ་བཙུགས་འདུག་པས། ཕྱི་ལོ་༢༠༡༩ ལོར་འབར་མའི་གཞུང་གིས་ཁོང་ལ་སྲིད་གཞུང་མགོ་རྟིང་སློག་ཐབས་ཀྱི་ཉེས་འཛུགས་བྱས་འདུག འོན་ཀྱང་ཁོང་བྲོས་བྱོལ་དུ་ཕྱིན་པ་དང་ཕྱི་ལོ་༢༠༢༠ ལོའི་ཟླ་༡༡ པའི་ནང་སྲིད་གཞུང་ལ་རང་ངོས་ནས་མགོ་བཏགས་ཞུས་ནས་ད་ལྟ་བར་ཁྲིམས་ཞིབ་སྒུག་ནས་བསྡད་ཡོད་འདུག འདི་ལོའི་ཟླ་༢ པའི་ནང་འབར་མའི་སྲིད་གཞུང་དེ་དམག་གི་སྒྲིག་འཛུགས་ཀྱིས་བཙན་བཟུང་བྱས་རྗེས། ཉེ་ཆར་ཁོང་བཙོན་གྲོལ་བཏང་ནས་ད་ལྟའི་ཆར་དམག་མིའི་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད་འདུག
རྒྱལ་སྤྱིའི་ནང་ཁོང་གིས་འབར་མའི་ཁ་ཆེ་གྲངས་ཉུང་མི་རིགས་ཐོག་ལ་དྲག་རྒོལ་བརྒྱུད་སྐུལ་བྱས་པ་ངོས་འཛིན་བྱེད་ཀྱི་ཡོད་ཁར། སྐབས་ཞིག་ལ་སྤྱི་ཚོགས་དྲ་ལམ་ཐོག་ཁོང་གི་གཏམ་བཤད་ལ་ལྟ་ཉན་བྱེད་མཁན་སྟོང་ཕྲག་མང་པོ་ཡོད་ཁར། དངོས་སུ་མཉམ་ཞུགས་བྱེད་མཁན་ཡང་སྟོང་ཕྲག་མང་པོ་ཡོད་འདུག འོན་ཀྱང་ཕྱི་ལོ་༢༠༡༧ ལོར་འབར་མའི་ནང་པའི་སྒྲིག་འཛུགས་མཐོ་ཤོས་ཀྱིས་ཁོང་ལ་ཆོས་འཆད་བྱེད་མི་ཆོག་པ་བཟོས་འདུག་པ་དང་། ༢༠༡༨ ལོར་ངོ་དེབ་ཚོང་ལས་ཁང་གིས་ཁོང་གི་ངོ་དེབ་ཐོག་ཏུ་འཁོན་འཛིན་སློང་བའི་སྐད་ཆ་ཡོད་སྐོར་བརྗོད་ནས་ཕྱིར་འཐེན་བྱས་འདུག
ཁོང་ལ་མི་མང་པོ་ཞིག་གིས་ནང་པའི་ཨོ་ས་མཱ་བྷིན་ལ་ཌེན་ཞེས་འབོད་ཀྱི་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།