འབར་མའི་ནང་གི་རྒྱ་ནག་གི་ཇག་དཔོན་གསུམ་རྒྱ་ནག་ལ་ཕྱིར་སྤྲོད་བྱས་འདུག

འབར་མ་དང་རྒྱ་ནག་གི་ས་མཚམས་སུ་རྒྱ་ནག་ནས་ཡོང་བའི་ཇག་ཚོགས་ཤིག་གིས་འབར་མའི་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྣ་མང་ཞིག་སྤེལ་ནས་རྒྱ་རིགས་གཙོས་པའི་ཕྱི་རྒྱལ་བ་སྟོང་ཚོ་མང་པོ་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་ཡོད་པར་བརྟེན། ཇག་དཔོན་གསུམ་གཙོས་པའི་མི་གྲངས་བཅུ་འཛིན་བཟུང་གིས་རྒྱ་ནག་ལ་ཕྱིར་སྤྲད་ཡོད་འདུག

ཟླ་༡ ཚེས་༣༡ ་ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་འབར་མའི་དམག་མིའི་སྲིད་གཞུང་གིས་བརྗོད་དོན་ལ། རྒྱ་དམག་གིས་འབར་མའི་ནང་ཡོད་པའི་རྒྱ་ནག་གི་ཇག་དཔོན་གསུམ་གཙོས་པའི་ཁྱོན་ཇག་པ་བཅུ་འཛིན་བཟུང་བྱས་ནས་ཕྱིར་རྒྱ་ནག་ལ་ཁྲིད་ཡོད་འདུག

ཕྱི་ལོ་༢༠༠༩ ནས་བཟུང་རྒྱ་ནག་ནས་ཡོང་བའི་ཇག་པའི་ཁྱིམ་ཚང་བཞི་ཡིས་རྒྱ་ནག་དང་ས་མཚམས་ཡིན་པའི་འབར་མའི་བྱང་ཤར་མངའ་ཁུལ་(Laukkaing) ་ཟེར་བའི་གྲོང་སྡེ་དེ་བཙན་བཟུང་བྱས་ནས་ས་ཁུལ་དེའི་ནང་དྲྭ་ཐོག་ནས་དངུལ་རྐུ་བ་དང་འཕྲོག་པ། མི་ཚོང་རྒྱག་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་སྣ་མང་སྤེལ་བས། ད་བར་རྒྱ་རིགས་གཙོས་པའི་ཕྱི་རྒྱལ་བ་སྟོང་ཚོ་འགའ་ལ་དཀའ་ངལ་ཆེན་པོ་སྤྲད་ཡོད་པ་མ་ཟད། འབར་མའི་དམག་སྤྱི་(Min Aung Hlaing) ཟེར་བ་དེས་དྲྭ་ཐོག་ནས་རྐུ་ཇག་གི་རིགས་བྱེད་མཁན་གྱི་རྒྱ་མི་ཇག་པ་དེ་ཚོ་ལ་ལོ་མང་རིང་རྒྱབ་སྐྱོར་བྱས་ཡོད་འདུག འབར་མའི་ནང་ཡོད་པའི་རྒྱ་རིགས་ཇག་པ་དེ་ཚོས་ཕྱི་མི་མང་པོ་ལ་མགོ་སྐོར་བཏང་ནས་དངུལ་འཕྲོག་པ་དང་། རྐུ་བ། བཙན་ཁྲིད་བྱས་པ་དང་གྲོང་སྡེའི་ནང་བཙན་དབང་འོག་ཉར་ཏེ། དྲྭ་ཐོག་ནས་རྐུ་ཇག་སོགས་བྱེད་འཇུག་གི་ཡོད་འདུག བུད་མེད་ཡིན་ན་སྨད་འཚོང་གི་ལས་ཀ་བྱེད་བཅུག་པ་དང་། གཞན་སྨྱོས་རྫས་རིགས་བཟོ་བཅུག་པ། རྒྱན་འཛུགས་རིགས་ཀྱི་རོལ་རྩེད་རྩེ་བཅུག་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་སྤེལ་ཡོད་འདུག རྒྱ་ནག་ནས་ཡོང་བའི་རྒྱ་རིགས་ཇག་པ་དེ་ཚོས་རྒྱ་སྐད་ཤེས་ཤིང་། དྲྭ་ཐོག་ནས་རྒྱལ་ནང་གི་རྒྱ་རིགས་ཚོའི་རྩ་ནས་དངུལ་ཕོན་ཆེན་རྐུ་ཇག་བྱེད་ཀྱི་ཡོད་འདུག་པས། རྒྱ་ནག་གཞུང་གིས་དེ་སྔོན་འབར་མའི་སྲིད་གཞུང་ལ་ཇག་པ་དེ་ཚོ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་ཐེངས་མང་ཞུས་ཀྱང་། འབར་མས་དེ་ཙམ་ཡ་བྱས་ཡོད་མི་འདུག ཇག་ཚོགས་དེའི་ནང་གཙོ་བོ་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་ཁྱིམ་ཚང་བཞི་ཡོད་འདུག་པ་དང་། ཁོང་ཚོ་ལ་འབར་མ་དང་ཀམ་བྷོ་ཌི་ཡ། ལྷོ་རྒྱ་ནག་སོགས་ཀྱི་ནང་ནག་ཚོང་རིགས་ཀྱི་འབྲེལ་ལམ་ཆེན་པོ་ཡོད་འདུག རྒྱ་ནག་ནང་ཁྲིམས་འགལ་གྱི་བྱ་སྤྱོད་དེའི་རིགས་བྱེད་མཁན་མང་པོ་ཡོད་འདུག་པ་དང་། ཕྱིས་སུ་རྒྱ་ནག་གཞུང་གིས་བཀག་འགོག་བྱེད་དུས། རིམ་བཞིན་རྒྱ་ནག་དང་འབར་མའི་ས་མཚམས་སུ་ཁྲིམས་འགལ་གྱི་ལས་ཀ་བྱེད་འགོ་བཙུགས་ཡོད་འདུག ཁྲིགས་འགལ་གྱི་བྱ་སྤྱོད་དེའི་རིགས་བྱེད་སའི་ལྟེ་གནས་དེ་དག་གི་ནང་དུ་རྒྱ་རིགས་གཙོས་མི་རིགས་འདྲ་མིན་གྱི་མི་ཁྱོན་༡༠༠,༠༠༠ ་ཙམ་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་བཙོན་དུ་བཅུག་པ། ཚད་བཀག་མེད་པའི་དུས་ཡུན་རིང་པོ་ལ་ལས་ཀ་བྱེད་བཅུག་པ། འཛམ་གླིང་གང་ས་ལ་དངུལ་རྐུ་བཅུག་པ། མེ་མདའ་སོགས་མཚོན་ཆའི་ཚོང་ཡང་རྒྱག་བཅུག་ཡོད་འདུག

ད་ཆར་འབར་མའི་ནང་གི་དམག་མིའི་སྲིད་གཞུང་ལ་མི་མང་དང་བླངས་དམག་མིས་ཁ་གཏད་ཤུགས་ཆེན་གཅོག་བཞིན་ཡོད་འདུག་པ་དང་། དམག་མིའི་སྲིད་གཞུང་གི་ནུས་པ་ཉམས་དམས་སུ་འགྲོ་བཞིན་ཡོད་འདུག་པར་བརྟེན། ལོ་སྔོན་མའི་ཕྱི་ཟླ་༡༢ ནང་རྒྱ་ནག་གཞུང་གིས་མི་སྣ་ཆེད་གཏོང་བྱས་ནས་རྒྱ་ནག་དང་འབར་མའི་ས་མཚམས་སུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་གྱི་ཇག་པ་དེ་ཚོ་རྒྱུས་ལོན་བྱས་ཡོད་འདུག འབར་མའི་བདེ་སྲུང་ལས་ཁུངས་ཀྱིས་བརྗོད་དོན་ལ། འབར་མའི་བྱང་ཤར་ཁུལ་དུ་ཡོད་པའི་ཇག་ཚོགས་ནང་ཁྱོན་མི་གྲངས་༤༤,༠༠༠ ་ཙམ་ཡོད་པར་བརྗོད་འདུག བདུན་འདིའི་རེས་གཟའ་མིག་དམར་གྱི་ཉིན་རྒྱ་ནག་གཞུང་གིས་འབར་མའི་ནང་དམག་མི་བཏང་ནས་ཇག་པ་ཚོའི་འགོ་དཔོན་གསུམ་གཙོས་པའི་ཁྱོན་མི་༡༠ འཛིན་བཟུང་བྱས་ནས་ཕྱིར་རྒྱ་ནག་ལ་ཁྲིད་ཡོད་པར་བརྗོད་འདུག རྒྱ་ནག་གཞུང་གིས་ཇག་པ་དེ་འཛིན་བཟུང་བྱས་པའི་དོན་རྐྱེན་ལ་གཟའ་མིག་དམར་གྱི་དོན་རྐྱེན་ཟེར་ནས་འགྲུབ་འབྲས་ཆེན་པོ་ཐོན་ཡོད་པ་བརྙན་འཕྲིན་སོགས་ནང་བསྔགས་བརྗོད་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།