འབར་མའི་ནང་འཁྲུག་ལ་རྒྱ་གཞུང་གི་མཚོན་ཆའི་ཐེ་གཏོགས།

འབར་མའི་རྒྱལ་ཁབ་ནང་ལོ་མང་རིང་ནས་དམངས་གཙོ་ལ་དམག་མིས་ཐེ་གཏོགས་བྱས་པའི་རྐྱེན་གྱིས་ད་ཆར་འབར་མའི་རྒྱལ་ཁབ་ཀྱི་ས་ཆ་མང་པོ་ནས་གྱེན་ལོག་ཤོག་ཁག་མང་པོ་འབྱུང་བཞིན་ཡོད་འདུག་ལ། གྱེན་ལོག་ཤོག་ཁག་དག་ནས་འབར་མའི་རྒྱལ་ཁབ་ཀྱི་བདེ་སྲུང་དམག་མི་ལ་ཁ་གཏད་གཅོག་མཁན་ཇེ་མང་འབྱུང་བཞིན་ཡོད་འདུག
ཕྱི་ཚེས་༡༠ ཉིན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། འབར་མ་དང་རྒྱ་ནག་གཉིས་བར་ས་མཚམས་རྒྱ་ཆེན་པོ་ཡིན་པར་བརྟེན། ས་མཚམས་སུ་མི་རིགས་འདྲ་མིན་ཡོད་འདུག་པ་དང་མི་རིགས་དེ་དག་ལས་འབར་མའི་དམག་མིའི་སྲིད་གཞུང་ལ་གྱེན་ལོག་བྱེན་མཁན་མང་པོ་འབྱུང་བཞིན་ཡོད་འདུག གྱེན་ལོག་ཤོག་ཁག་དེ་དག་ལ་རྒྱ་ནག་གཞུང་ནས་དེང་དུས་ཀྱི་མཚོན་ཆ་ནུས་ལྡན་རིགས་སྤྲད་ནས་འབར་མའི་བདེ་སྲུང་དམག་མི་དང་འཐབ་འཁྲུག་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་འབར་མའི་དམག་མི་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག འདས་པའི་བདུན་ཕྲག་གཉིས་ཙམ་རིང་ལ་འབར་མའི་བྱང་ཕྱོགས་སུ་ཡོད་པའི་(Shan)མངའ་སྡེའི་ནང་དུ་ཕྱི་ལོ་༢༠༢༡ ནས་ད་བར་འབར་མའི་དམག་གི་སྲིད་གཞུང་དང་གྱེན་ལོག་བར་གདོང་ཐུག་ཆེ་ཤོས་དེ་བྱུང་སྟེ། འབར་མའི་དམག་མི་སྲིད་གཞུང་ལ་གྱེན་ལོག་ཤོག་ཁག་དག་གིས་དམག་འཐབ་ཆེན་པོ་བྱེད་བཞིན་ཡོད་འདུག ད་ཆར་ས་ཁུལ་དེ་དག་གི་ནང་མི་མང་སྟོང་ཚོ་མང་པོ་ས་གནས་གཞན་ལ་སྐྱབས་བཅོལ་དུ་འགྲོ་དགོས་འབྱུང་བཞིན་ཡོད་འདུག
(the Global New Light of Myanmar)ཟེར་བའི་འབར་མའི་གསར་ཁང་ཞིག་གིས་བརྗོད་དོན་ལ། འབར་མའི་སྲིད་གཞུང་གིས་གང་མགྱོགས་ད་ལྟའི་ཛ་དྲག་གི་དོན་རྐྱེན་དེ་སྟངས་འཛིན་མ་ཐུབ་ཚེ་འབར་མའི་རྒྱལ་ཁབ་ཁ་འཐོར་འགྲོ་ཉེན་ཡོད་པར་བརྗོད་འདུག་ལ། ད་ཆར་འབར་མའི་དམག་སྡེ་ཁག་འགའ་ཤས་ཀྱིས་བརྗོད་དོན་ལ། འབར་མ་དང་རྒྱ་ནག་གི་ས་མཚམས་ནས་མཚོན་ཆའི་རིགས་མང་པོ་ནང་འདྲེན་བྱེད་བཞིན་པ་དག་བཀག་སྡོམ་བྱས་ཟིན་ཡོད་ཚུལ་བརྗོད་འདུག དེ་བཞིན་འབར་མ་དང་རྒྱ་ནག་གི་ས་མཚམས་སུ་རྒྱ་མི་མང་པོ་ཡོད་འདུག་པ་དང་། ཐེངས་འདིའི་ནང་འཁྲུག་ཁྲོད་རྒྱ་མི་མང་པོ་ཤི་རྨས་བྱུང་ཡོད་པར་ཡང་རྗོད་ཀྱི་འདུག འབར་མའི་དམག་མིའི་སྲིད་གཞུང་གི་བདེ་སྲུང་ལྷན་ཚོགས་ནས་ད་ལྟའི་འབར་མའི་ནང་འཁྲུག་དེ་གང་མགྱོགས་ཞི་འཇགས་ཡོང་ཐབས་བྱེད་རྒྱུ་ཡིན་པར་བརྗོད་འདུག འབར་མའི་ས་མཚམས་མང་པོ་ཞིག་ནང་མི་རིགས་འདྲ་མིན་ཡོད་འདུག་པ་དང་། འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནས་མི་རིགས་དེ་དག་གིས་དམག་མིའི་སྲིད་གཞུང་ལ་དྲག་པོའི་ཐོག་ནས་འཐབ་འཛིང་བྱེད་ཀྱི་ཡོད་པ་དང་། ཁོང་ཚོས་འབར་མའི་ནང་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་འདུག འབར་མའི་ནང་གྱེན་ལོག་ཤོག་ཁག་གཙོ་བོ་གསུམ་ཡོད་འདུག་པ་དང་། དེ་དག་ཚང་མ་ལ་རྒྱ་ནག་གཞུང་གིས་གོ་མཚོན་སྤྲོད་ཀྱི་ཡོད་པ་འབར་མ་གཞུང་གིས་ཤེས་རྟོགས་བྱུང་འདུག་ལ། འབར་མའི་གཞུང་གིས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མགྲིན་ཚབ་པས་དམིགས་བསལ་ལན་འདེབས་གང་ཡང་བྱས་མི་འདུག གྱེན་ལོག་ཤོག་ཁག་དེ་དག་གིས་འབར་མའི་ས་ཁུལ་མང་པོའི་ནང་ཤུགས་རྐྱེན་སླེབ་ཐབས་བྱེད་བཞིན་ཡོད་འདུག ཕྱི་ལོ་༢༠༢༡ ནང་འབར་མའི་གཞུང་དེ་དམག་མིས་བཙན་བཟུང་བྱས་རྗེས་འབར་མའི་མི་མང་གིས་ཞི་བའི་ཐོག་ངོ་རྒོལ་དང་གྱེན་ལོག་བྱས་ཡོད་ཀྱང་། དམག་མིའི་གཞུང་གིས་མི་མང་ཐོག་དྲག་པོའི་བཀག་སྡོམ་དང་བཙོན་འཇུག་བྱས་པའི་རྐྱེན་གྱིས། མི་མང་ལ་གདམ་ཁ་གཞན་མེད་པས་དྲག་པོའི་ལམ་ནས་ཁ་གཏད་གཅོག་དགོས་བྱུང་ཡོད་འདུག་པ་དང་། ད་ལྟའི་གྱེན་ལོག་ཤོག་ཁག་འགའ་ཤས་དམག་སྟོབས་ཆེན་པོར་གྱུར་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
