འབྱུང་འགྱུར་ཐའེ་ཝན་གྱི་འོས་བསྡུ་དེ་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དང་གོ་ལའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་གལ་གནད་ཆེན་པོ་ཆགས་ཡོད་འདུག

འབྱུང་འགྱུར་ཏེ་ཕྱི་ཟླ་༡ ཚེས་༡༣ ཉིན་ཐའེ་ཝན་གྱི་འོས་བསྡུ་ཡིན་པར་བརྟེན། ཐེངས་འདིའི་ཐའེ་ཝན་གྱི་འོས་བསྡུ་དེ་མ་འོངས་ཐའེ་ཝན་གྱི་བདེ་འཇགས་དང་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་ཧ་ཅང་གིས་གལ་འགག་ཆེན་པོ་ཆགས་ཀྱི་ཡོད་འདུག

ཕྱི་ཚེས་༢༩ ཉིན་རྒྱ་གར་གྱི་WION གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་རྗེས་མའི་ཕྱི་ཟླ་༡ ཚེས་༡༣ ཉིན་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུ་བྱེད་རྒྱུ་ཡིན་འདུག་པ་དང་། ཐེངས་འདིའི་འོས་བསྡུ་དེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་འདུག རྒྱུ་མཚན་ནི་ད་ཆར་རྒྱ་ནག་གིས་ཐའེ་ཝན་གང་མགྱོགས་རྒྱ་ནག་གི་མངའ་ཁོངས་སུ་འཇུག་རྒྱུ་ཡིན་ཚུལ་དང་། དེ་ཡང་ཞི་དྲག་གཉིས་ཀྱི་ཐོག་ནས་ཐབས་བྱུས་འདོན་རྒྱུ་ཡིན་པར་བརྗོད་ནས་ཐའེ་ཝན་ལ་ཡང་ཡང་རྒྱ་ནག་གི་དམག་གིས་འཇིགས་སྐུལ་བྱེད་བཞིན་ཡོད་པའི་སྐབས་འདིེར། ལོ་རྗེས་མའི་སྲིད་འཛིན་གྱི་འོས་བསྡུ་ཡིས་མ་འོངས་ཐའེ་ཝན་གྱི་བདེ་འཇགས་ལ་ཐག་གཅོད་ཆེན་པོ་ཞིག་བྱེད་རྒྱུ་ཡིན་འདུག་ལ། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གྱི་གནས་བབ་ལ་ཡང་ཐག་གཅོད་ཆེན་པོ་ཞིག་བྱེད་རྒྱུ་ཡིན་འདུག དེ་བཞིན་ཐའེ་ཝན་གྱི་ད་ལྟའི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་ཐའེ་ཝན་གྱི་རང་བཙན་ལ་ཤུགས་སྣོན་རྒྱག་བཞིན་ཡོད་པ་དང་། ཕྱོགས་འགལ་ཚོགས་པ་ཁག་གིས་རྒྱ་ནག་དང་འབྲེལ་ལམ་ཐག་ཉེ་རུ་གཏོང་རྒྱུའི་འདུན་པ་ཡོད་པར་བརྟེན། གལ་སྲིད་དམངས་གཙོ་ཡར་ཐོན་ཚོགས་པར་ལོ་རྗེས་མའི་སྲིད་འཛིན་འོས་བསྡུ་བསྐྱར་དུ་ཐོབ་ཚེ། རྒྱ་ནག་གིས་ཐའེ་ཝན་ལ་དམག་རྒྱག་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད་པས། ཐའེ་ཝན་མི་མང་གིས་མ་འོངས་པའི་ཐའེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ཐུབ་ཆེད་ཐེངས་འདིའི་འོས་བསྡུའི་སྐབས་འོས་གདམ་ཁ་མ་ནོར་བ་ཞིག་བླུག་རྒྱུ་ཧ་ཅང་གལ་ཆེན་ཆགས་ཀྱི་ཡོད་འདུག དེ་བཞིན་ཐེངས་འདིའི་འོས་བསྡུ་དེ་ཐའེ་ཝན་མི་མང་གིས་རྒྱ་ནག་གི་འཇིགས་སྐུལ་ལ་ག་ཚོད་ཞེད་ཀྱི་ཡོད་མེད་ཀྱི་ཚོད་ལྟ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པ་ཡང་རྗོད་ཀྱི་འདུག

ཨ་རྒྱ་གཉིས་ལ་མཚོན་ན་རྒྱལ་ཁབ་གཉིས་བར་མི་མཐུན་པའི་གནད་དོན་དུ་མ་ཡོད་པ་དང་། དེ་ཡང་འཕྲུལ་རིགས་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཐའེ་ཝན་གྱི་གནད་དོན་སོགས་ཀྱི་ཐད་གདོང་ཐུག་དུ་མ་འབྱུང་གི་ཡོད་པ་ལས། དེའི་ནང་ནས་ཐའེ་ཝན་གྱི་གནད་དོན་ནི་རྒྱལ་ཁབ་སོ་སོས་ཐའེ་ཝན་ལ་ངོས་འཛིན་བྱེད་ཚུལ་མི་འདྲ་བ་ཡོད་པའི་རྐྱེན་གྱིས་ཨ་རྒྱ་གཉིས་བར་རྩོད་རྙོག་འབྱུང་གི་ཡོད་པ་དང་།རྒྱ་ནག་གི་ནང་འཁྲུག་མཇུག་བསྒྲིལ་རྗེས་ཏེ། ཕྱི་ལོ་༡༩༤༩ ནས་ཐའེ་ཝན་གྱི་གནད་དོན་དེ་འགོ་བཙུགས་འདུག་པ་དང་། རྒྱ་ནག་གི་ངོས་ནས་ཐའེ་ཝན་དེ་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་དང་། པེ་ཅིན་གཞུང་ཁོ་ན་ལ་ཁྲིམས་མཐུན་གྱི་བདག་དབང་ཡོད་ཚུལ་རྗོད་ཀྱི་ཡོད་འདུག། ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། ཐའེ་ཝན་གླིང་ཕྲན་གྱི་བདག་དབང་སྐོར་ལ་ཨ་རིའི་གཞུང་གིས་ད་ལྟ་ཡང་སྲིད་བྱུས་གང་འདྲ་ཞིག་ཡིན་པ་ཁ་གསལ་གང་ཡང་མེད་པ་གོ་ལའི་དཔལ་འབྱོར་ཚགས་ཤོག་Bloomberg ཟེར་བའི་ཐོག་བརྗོད་ཡོད་འདུག ད་ལྟའི་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་གྱིས་ཡང་ཡང་རྗོད་བཞིན་པ་ནི་ཨ་རིའི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ནམ་ཡང་འགྱུར་བ་མེད། འོན་ཀྱང་། རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ན་ཨ་རིས་ཐེ་ཝན་གྱི་བདེ་སྲུང་ཆེད་དུ་གྲ་སྒྲིག་ཡིན་ཚུལ་བརྗོད་ཡོད་འདུག ལོ་རྗེས་མ་ཐའེ་ཝན་གྱི་སྲིད་འཛིན་བདམས་ཚར་རྗེས། སྲིད་འཛིན་དེ་ཡིས་ཕྱི་ལོ་༢༠༢༧ བར་ཐའེ་ཝན་གྱི་གཞུང་འཛིན་གྱི་ཡོད་པར་བརྟེན། ལོ་དུས་དེའི་ནང་དུ་རྒྱ་ནག་གིས་ཐའེ་ཝན་ལ་དམག་རྒྱག་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག བྷ་ཌན་སྲིད་གཞུང་གི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་དྲུང་ཆེའི་ལས་རོགས་Ely Ratner ཀྱིས་བརྗོད་དོན་ལ། འདས་པའི་ལོ་༤༠ རིང་ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཡོད་པ་དང། དེ་བཞིན་ཐའེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཡང་འགན་འཁུར་བྱས་པའི་རྐྱེན་གྱིས་ད་ལྟ་མངའ་ཁུལ་དེ་དག་གི་ནང་བདེ་འཇགས་གནས་ཡོད་པར་བརྗོད་འདུག་ལ། འོན་ཀྱང་། ད་ཆར་རྒྱ་ནག་གིས་མངའ་ཁུལ་དེ་དག་གི་ནང་དམག་སྦྱོང་དང་འཇིགས་སྐུལ་བྱེད་ཀྱི་ཡོད། གལ་སྲིད་མངའ་ཁུལ་དེ་དག་གི་ནང་དམག་འཁྲུག་བྱུང་ན། དེའི་མཇུག་འབྲས་ལ་མངའ་ཁུལ་དེ་དག་གི་དཔལ་འབྱོར་ལ་དོ་ཕོག་ཆེན་པོ་ཡོང་རྒྱུ་ཡིན་པ་མ་ཟད། ཨ་སྒོར་ཁྲག་ཁྲིག་ཆེན་པོ་༢ ཀྱི་དཔལ་འབྱོར་གྱོང་གུད་ཕོག་ནས་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

ད་ལྟའི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་William Lai ཡིས་བརྗོད་དོན་ལ་ང་ཚོས་ནམ་ཡང་རྒྱ་ནག་དགྲ་རུ་འཛིན་འདོད་མེད། ང་ཚོས་རྒྱ་ནག་དང་ལྷན་དུ་མཐུན་པོ་བྱུང་ན་བསམ་གྱི་ཡོད། རྒྱ་ནག་གིས་རང་དབང་དང་དམངས་གཙོ་ལོངས་སུ་སྤྱད་ན་བསམ་གྱི་ཡོད། འོན་ཀྱང་། རྒྱ་ནག་གིས་དྲག་པོའི་ཐོག་ནས་ང་ཚོ་ལ་འཇིགས་སྐུལ་བཏང་ན་ང་ཚོས་ཀྱང་ནམ་ཡང་མགོ་སྒུར་གྱི་མ་རེད་ལ། ང་ཚོའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་དམག་གི་སྟོབས་ཤུགས་ཡར་རྒྱས་བཏང་ནས་ང་ཚོ་རང་ཉིད་སྲུང་སྐྱོབ་བྱེད་ཀྱི་རེད་ཅེས་བརྗོད་འདུག ད་དུང་ཁོང་གིས་བརྗོད་དོན་ལ། རྒྱ་ནག་ཏུ་ཡོད་པའི་ཐའེ་ཝན་གྱི་བཟོ་གྲྭ་དང་ཚོང་གཉེར་ཁང་དག་གིས་ངེས་པར་དུ་གང་མགྱོགས་རྒྱ་ནག་གི་ཕྱི་ཕྱོགས་སུ་ཐོན་དགོས་པ་དང་། རྒྱ་ནག་ལ་ཡིད་ཆེས་བྱེད་མི་རུང་བར་བརྗོད་འདུག 

དེ་བཞིན་གོ་མིན་ཏང་ཚོགས་པའི་འོས་མི་Hou Yu-lh ཟེར་བས་བརྗོད་དོན་ལ། འདས་པའི་དུས་ཡུན་ནང་གོ་མིན་ཏང་སྲིད་དོན་ཚོགས་པས་རྒྱ་ནག་དང་ཧ་ཅང་མཐུན་པོ་བྱས་ཡོད་ཀྱང་། མ་འོངས་པར་མཐའ་གཅིག་ཏུ་རྒྱ་ནག་གི་ཕྱོགས་སུ་འགྲོ་རྒྱུར་མོས་མཐུན་མེད་ཅེས་བརྗོད་འདུག

ཐའེ་ཝན་མི་དམངས་སྲིད་དོན་ཚོགས་པའི་འོས་མི་དང་དེ་སྔོན་Taipei ཐའེ་པེ་གྲོང་ཁྱེར་སྤྱི་ཁྱབ་Ko Wen Je ཁོ་ཝན་ཅིས་ཟེར་བས་བརྗོད་དོན་ལ། རྒྱ་ནག་གིས་ད་ཆར་ཐའེ་ཝན་དང་མཐུན་ལམ་ཆེད་ངེས་པར་དུ་སྲིད་བྱུས་སམ་ལངས་ཕྱོགས་གསར་པ་ཞིག་བཟོས་ནས་ཐའེ་ཝན་ལ་རོགས་རམ་གང་འདྲ་བྱེད་ཐུབ་མིན་བསྐྱར་ཞིབ་ཅིག་བྱེད་དགོས་འདུག་ཅེས་བརྗོད་འདུག 

ཐའེ་ཝན་ནང་ཡོད་པའི་ཀུ་ཤུ་ཚོང་གཉེར་ཁང་ཞིག་གི་བདག་པོ་Terry Gou བརྗོད་དོན་ལ། ཁོང་གིས་ཨ་རི་དང་རྒྱ་ནག་གཉིས་བར་ཚོང་འབྲེལ་སྲིད་བྱུས་ཐོག་ནས་ཞི་བདེ་ཡོང་ཐབས་བྱེད་རྒྱུ་ཡིན་པར་བརྗོད་འདུག

མདོར་ན་ཐེངས་འདིའི་ཐའེ་ཝན་གྱི་འོས་བསྡུ་དེ་ཐའེ་ཝན་རང་ཉིད་ཀྱི་མ་འོངས་པའི་བདེ་སྲུང་ཐད་ལ་གལ་གནད་ཆེན་པོ་ཡིན་པ་མ་ཟད། འཛམ་གླིང་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དང་གོ་ལའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་གལ་གནད་ཧ་ཅང་ཆེན་པོ་ཞིག་ཡིན་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།