འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཐོག་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་ལ་ཉེན་བརྡ་བཏང་འདུག

ཉེ་ཆར་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་དེ་ཉི་ཧོང་གི་གྲོང་ཁྱེར་ཧིར་རོ་ཤེད་མར་འཚོགས་ཡོད་འདུག་ལ། ཁ་སང་གཟའ་ཉི་མའི་ཉིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་རྣམ་པའི་ལྷན་ཚོགས་ཐོག་ཨ་རི་ཡིས་ཐེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན་པས། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་ལ་སོགས་དྲག་སྤྱོད་སྤེལ་ཚེ་ཨ་རིས་ནམ་ཡང་མགོ་སྒུར་མི་སྲིད་ཅེས་ཉེན་བརྡ་བཏང་ཡོད་འདུག

ཕྱི་ཟླ་༥་ཚེས་༢༢ ཉིན་ཐེ་ཝན་གསར་འགྱུར་(Taiwan news)ཅེས་པ་གསར་ཁང་ནས་གསར་འགྱུར་བཏོན་གསལ་ལ། ཚེས་༡༩ ནས་༢༡ བར་ཉིན་གསུམ་རིང་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཐེངས་༤༩ པ་དེ་འཚོགས་ཡོད་པ་དང། ཚོགས་འདུ་དེ་ཉི་ཧོང་གི་གྲོང་ཁྱེར་ཧིར་རོ་ཤེད་མར་འཚོགས་ཡོད་འདུག སྐབས་དེ་དུས་ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་གདན་འདྲེན་ཞུས་གནང་ཡོད་པ་དང། ལྷན་ཚོགས་སྐབས་བརྗོད་གཞི་གཙོ་བོ་ནི་ཨུ་རུ་སུ་དང་རྒྱ་ནག་གི་གནད་དོན་སྐོར་ཡིན་འདུག་ལ། དེ་བཞིན་རྒྱ་ནག་གིས་རྒྱལ་སྤྱིའི་ནང་ཤུགས་རྐྱེན་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་། ཐེ་ཝན་གྱི་བདེ་འཇགས་སོགས་ཀྱི་སྐོར་གོ་བསྡུར་བྱས་ཡོད་འདུག

 གཟའ་ཉི་མ་ཉིན་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་རྣམ་པས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་འདུག་ཅིང་། གསར་འགོད་ལྷན་ཚོགས་དེའི་ཐོག་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་བརྗོད་དོན་ལ། ང་ཚོས་རྒྱ་ནག་དང་མི་མཐུན་པ་བཟོ་འདོད་མེད། འོན་ཀྱང། ང་ཚོའི་འགོ་ཁྲིད་རྣམ་པའི་གཅིག་མཚུངས་ཀྱི་མངོན་འདོད་ནི་ཚོང་འབྲེལ་གོང་མཐོར་གཏོང་རྒྱུ་དང། པེ་ཅིན་གཞུང་གིས་རྒྱལ་ཁབ་གཞན་གྱི་བདེ་འཇགས་ལ་འཕྲུལ་རིགས་འདྲ་མིན་བརྒྱུད་ནས་ཉེན་ཁ་བཟོ་བཞིན་པ་དག་འགོག་རྒྱུ་ཡིན་གསུངས་གནང་འདུག 

དེ་རྗེས་གསར་འགོད་པ་ཞིག་གིས་ཁོང་ལ་དྲིས་དོན་ལ། ད་ཆར་རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་གླིང་ནང་དམག་སྦྱོང་རྒྱ་ཆེན་བྱེད་ཀྱི་ཡོད་པར་བརྟེན། རང་གི་མཐུན་གྲོགས་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡ། དེ་བཞིན་ཨ་རི་བཅས་ནས་གདོང་ལེན་གང་འདྲ་གནང་རྩིས་ཡོད་དམ་ཞེས་དྲིས་སྐབས་། རྗོ་བྷའེ་ཌན་གྱིས་ཨ་རིའི་ངོས་ནས་སྔོན་མ་ནས་གསལ་བཤད་བྱས་ཟིན་པ་ཡིན། ང་ཚོས་ཐེ་ཝན་རང་བཙན་ཕྱིར་བསྒྲགས་བྱེད་འདོད་མེད། འོན་ཀྱང། ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག ད་དུང་ཁོང་གིས་བརྗོད་དོན་ལ་གལ་སྲིད་རྒྱ་ནག་གིས་ཐེ་ཝན་ནང་བཙན་འཛུལ་བྱས་ན་ང་ཚོ་མཐུན་གྲོགས་རྒྱལ་ཁབ་ཚང་མས་ཡ་ལན་བྱེད་རྒྱུ་ཡིན། འོན་ཀྱང། རྩོད་རྙོག་དེ་རྒྱ་ནག་དང་ཨ་རིའི་བར།  རྒྱ་ནག་དང་ཨ་རིའི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་གཞན་བར་མི་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།