འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་གྱིས་དཔལ་༧རྒྱལ་བ་ཀརྨ་པ་གདན་ས་རུམ་ཏེག་དགོན་པར་གདན་ཞུ་ཆེད་འབད་བརྩོན་གནང་བཞིན་པ།

རྒྱ་གར་གྱི་བྱང་ཤར་མངའ་སྡེ་འབྲས་ལྗོངས་གཞུང་གིས་དཔལ་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་རྒྱ་གར་ནང་ཡོད་པའི་རུམ་ཏེག་དགོན་དུ་གདན་འདྲེན་ཞུ་ཆེད་དུ་འབད་བརྩོན་གནང་བཞིན་ཡོད་འདུག་ཅིང་། གདན་ཞུའི་ཆེད་དུ་ཧིན་སྒོར་བྱེ་བ་༡་ ནས་༢ ཙམ་ཞིག་གཏན་འབེབས་གནང་ཡོད་འདུག དེ་བཞིན་ཁོང་གདན་ཞུ་དང་འབྲེལ་ནས་ཚོགས་ཆུང་ཞིག་ཀྱང་བཙུགས་ཡོད་འདུག

པར། NorthEast Live

ཕྱི་ཚེས་༣ ཉིན་(NorthEast Live) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དཔལ་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་ཕྱི་རྒྱལ་ལ་བཞུགས་ཡོད་པ་དང་། ཁོང་རྒྱ་གར་ལ་ཕྱིར་ཕེབས་མ་ཐུབ་ནས་ལོ་མང་འགྲོ་བཞིན་ཡོད་པར་བརྟེན། རྒྱ་གར་བྱང་ཕྱོགས་མངའ་སྡེ་འབྲས་ལྗོངས་གཞུང་ནས་རིན་པོ་ཆེ་གདན་ས་རུམ་ཏེག་བཤད་སྒྲུབ་ཆོས་འཁོར་གླིང་དུ་གདན་འདྲེན་ཞུ་ཆེད་དུ་འབད་བརྩོན་གནང་བཞིན་ཡོད་འདུག

གནད་དོན་དེ་དང་འབྲེལ་འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་ཡིས་ཁ་སང་གསར་འགོད་པར། འབྲས་ལྗོངས་མངའ་སྡེའི་གཞུང་ནས་རྒྱ་གར་དབུས་གཞུང་དང་ལྷན་དུ་མཉམ་ལས་ཐོག་དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་འབྲས་ལྗོངས་སུ་གདན་འདྲེན་ཞུ་ཆེད་མཐུན་འགྱུར་གང་ཡོད་གནང་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག་ལ། 

ཆོས་རིག་བློན་ཆེན་གྱིས་སྣེ་འཁྲིད་འོག་རིན་པོ་ཆེ་མཆོག་གདན་ཞུ་དང་འབྲེལ་བའི་དམིགས་བསལ་ཚོགས་ཆུང་ཞིག་གསར་འཛུགས་གནང་ཡོད་པ་མ་ཟད། འབྲས་ལྗོངས་གཞུང་གིས་རིན་པོ་ཆེ་མཆོག་ཕེབས་བསུ་ཞུ་ཆེད་ལོ་རེར་ཧིན་སྒོར་འབུམ་ ༡༠༠ ནས་ ༢༠༠ བར་གཏན་འབེབས་གནང་སྲོལ་ཡོད་པ་ལྟར། འདི་ལོར་ཡང་མུ་མཐུད་དེ་ལྟར་གནང་ཡོད་པ་བརྗོད་འདུག  དཔལ༧རྒྱལ་བ་ཀརྨ་རིན་པོ་ཆེ་རུམ་ཏེག་དགོན་པར་གདན་ཞུ་གནང་རྒྱུ་དེ་ནི་མཚོན་དོན་ཙམ་ཞིག་མ་ཡིན་པ། འབྲས་ལྗོངས་ནང་ཡོད་པའི་ནང་པའི་མི་མང་ཚོ་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་བརྗོད་འདུག 

དེ་བཞིན་བློན་ཆེན་བསོད་ནམས་བླ་མས་ང་ཚོ་ཚང་མས་ཀརྨ་པ་སྐུ་ཕྲེང་༡༧ པ་མཆོག་རྒྱ་གར་དུ་བཞུགས་མེད་པ་ཤེས་ཀྱི་ཡོད། ཁོང་རྒྱ་གར་གྱི་ཕྱི་ལོགས་གང་དུ་བཞུགས་མིན་གསལ་པོ་ཤེས་ཀྱི་མེད། ཉེ་ཆར་ངས་རྒྱ་གར་དབུས་ནང་སྲིད་བློན་ཆེན་(Shri Amit Shah) དང་། རྒྱལ་སྲུང་བློན་ཆེན་(Shri Raj Nath Singh) དེ་བཞིན་གྲངས་ཉུང་མི་རིགས་ཀྱི་ལས་དོན་བློན་ཆེན་(Kiren Rijiju)བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཐུག་འཕྲད་བྱས་པ་ཡིན། ནང་སྲིད་བློན་ཆེན་གྱིས་ང་རང་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་འབྲེལ་བ་བྱེད་ཐུབ་ན། ཁོང་ལ་མཇལ་དུ་བཅར་ནས་འབྲས་ལྗོངས་སུ་ཕེབས་བསུ་ཞུ་ཆོག་པའི་ཆོག་མཆན་གནང་བྱུང་ཞེས་གསུངས་འདུག

དཔལ་༧རྒྱལ་བ་ཀརྨ་པ་རིན་པོ་ཆེན་ཕྱི་ལོ་༢༠༡༧ ཟླ་བ་༥ ནང་ཡུ་རོབ་ཁུལ་དུ་ཟླ་བ་༣ རིང་ཕེབས་དུས། ཁོང་ནས་(Dominican Citizenship) ཞེས་པའི་མི་སེར་ལག་འཁྱེར་དེ་བཞེས་ཡོད་འདུག་པར་བརྟེན། རྒྱ་གར་གཞུང་གིས་གནང་པའི་(IC)རང་བཞིན་གྱིས་ནུས་མེད་ཆགས་པའི་རྐྱེན་གྱིས་ཨ་རིའི་ས་གནས་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ཁང་ལ་འཕྲལ་དུ་འབྲེལ་བ་གནང་ཡོད་འདུག་ཀྱང་། གནད་དོན་དེ་དང་འབྲེལ་ལྡི་ལིར་དབུས་ལས་ཁུངས་ལ་འབྲེལ་བ་གནང་དགོས་སྐོར་ལམ་སྟོན་ཕུལ་བ་ལས་ཐག་གཅོད་གང་ཡང་གནང་མེད་པའི་རྐྱེན་གྱིས་ད་བར་རྒྱ་གར་དུ་ཕྱིར་ཕེབས་ཐུབ་མེད་པའི་གནས་སྟངས་ཆགས་ཡོད་འདུག མ་འོངས་པ་རིན་པོ་ཆེ་རྒྱ་གར་ནང་ཕྱིར་ཕེབས་བ་ལ་རྒྱ་གར་གྱི་མཐོང་མཆན་ཞུ་དགོས་ཀྱི་ཡོད་འདུག་པ་ལས། རྒྱ་གར་གཞུང་གིས་གནང་པའི་(RC)ཐོག་ནས་ཕེབས་ཐུབ་ཀྱི་ཡོད་མི་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།