འབྲི་གུང་༧སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་བརྒྱད་བརྒྱའི་རྗེས་དྲན།
འབྲི་གུང་༧སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་བརྒྱད་བརྒྱའི་རྗེས་དྲན་མཆོད་འབུལ་སྨོན་ལམ་ཆེན་མོ་དེ། ཟླ་འདིའི་ཕྱི་ཚེས་༡༩ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་༢༥ བར་འཚོག་བཞིན་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་རྒྱ་གར་རྡེ་ར་རྡུན་འབྲི་གུང་བྱང་ཆུབ་གླིང་དུ། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་སྐུ་མྱ་ངན་ལས་འདས་ནས་མི་ལོ་བརྒྱད་བརྒྱ་འཁོར་བའི་རྗེས་དྲན་མཆོད་འབུལ་ཆེན་མོའི་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་འབྲི་གུང་༧སྐྱབས་མགོན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ། ཨུ་ཐར་ཁཎྜི་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཀི་རི་ཤྲ་ཎ་ཀན་པོལ་བཅས་ཀྱིས་དབུས། བཀའ་བརྒྱུད་སྤྱི་འཐུས་གཉིས་ཀྱིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཁག་ཅིག་དང་། ཕྱི་ནང་གི་སྐུ་མགྲོན་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་༨༡ ནང་རྟེན་གཞི་བྱས་པའི་ཆོས་ཚོགས་གྲངས་༡༨༡ ནས་འཐུས་མི་༢༥༠༠ དང་། རྒྱ་བལ་འབྲུག་གསུམ་ནང་གི་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་པ་༡༤༥ ནས་ཕེབས་པའི་འདུས་མང་བཅས་ཁྱོན་སེར་སྐྱ་མི་མང་༡༠༠༠༠ ཡས་མས་འཛོམས་ཡོད་འདུག
མཛད་སྒོའི་ཐོག་མར་ཆོས་རྗེ་ཨ་དབྱངས་རིན་པོ་ཆེས་དགའ་བསུའི་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་བོད་དང་ཧི་མཱ་ལ་ཡའི་ཆོས་སྡེ་ཁག་གི་འཐུས་མི་དང་། ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་༨༡ ཙམ་གྱི་ཆོས་ཚོགས་༡༨༡ གི་འཐུས་མི་སྐུ་ཚབ་རེ་ནས་རྟེན་མཆོག་གི་དྲུང་དུ་མེ་ཏོག་གི་མཆོད་སྤྲིན་ཕུལ་གྲུབ་པ་དང་བསྟུན། མཁན་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་རྫོགས་པའི་སངས་རྒྱས་༸སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་རྣམ་ཐར་སྙིང་བསྡུས་དང་སྦྲགས། སྐྱབས་རྗེ་ནུབ་པ་རིན་པོ་ཆེས་བརྒྱད་བརྒྱའི་རྗེས་དྲན་གྱི་བྱུང་རིམ་ངོ་སྤྲོད་གནང་ཡོད་ཅིང་། སྐབས་དེར་དཔེ་དེབ་དང་འོད་ལྡེར་ཁག་ཅིག་དབུ་འབྱེད་གནང་ཡོད་འདུག
དེ་ནས་སྐྱབས་རྗེ་མགར་ཆེན་རིན་པོ་ཆེས་གསུང་བཤད་གནང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་འཚམས་འདྲི་དང་སྦྲགས། བོད་དུ་ནང་པ་སངས་རྒྱས་པའི་བསྟན་པ་ཐོག་མར་གནའ་བོའི་རྒྱ་གར་གྱི་ནང་པའི་གཙུག་ལག་ཁང་ཆེན་མོ་དཔལ་ན་ལེནྜ་ནས་དར་ཡོད་ཅིང་། གཙུག་ལག་སློབ་གཉེར་ཁང་དེ་ལོ་ངོ་༡༠༠༠ རིང་གནས་ཡོད་པ་ལྟར། འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པ་ལ་མཚོན་ནའང་ལོ་ངོ་༨༠༠ རིང་གནས་ཐུབ་པ་བྱུང་ཡོད་སྟབས་དཔལ་ན་ལེནྜའི་གཙུག་ལག་ཁང་གནས་པའི་དུས་ཡུན་གྱི་ཚད་གཞི་དང་ཧ་ལམ་མཉམ་པ་ཞིག་ཡིན་པ་བརྗོད་ཆོག་སྐོར་དང་། འདས་པའི་ལོ་ངོ་༨༠༠ རིང་བསྟན་པ་འདི་ཉིད་ཀྱིས་འགྲོ་བ་གྲངས་ལས་འདས་པར་ཕན་ཐོགས་དང་། འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ཡང་ཞབས་འདེགས་བསྒྲུབས་དང་སྒྲུབ་མུས་ཡིན་པ་ལྟར་འབྱུང་འགྱུར་ལོ་ངོ་༨༠༠ རིང་། འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པ་མུ་མཐུད་གནས་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཡོད་སྐོར་དང་། འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེའི་མཛད་རྗེས་བཅས་གླེང་ཡོད་འདུག
དེ་རྗེས་ཨུཏྟར་ཁཎྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཀ་རི་ཤྲ་ཎ་ཀན་པོལ་གྱིས་ཀྱང་གསུང་བཤད་གནང་ཡོད་འདུག་པ་མ་ཟད། མཛད་སྒོའི་སྐུ་མགྲོན་གཙོ་བོར་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གདན་འདྲེན་ཞུས་ཀྱང་བར་ལམ་ནས་སྐུ་གཟུགས་ཕྲན་བུ་བདེ་མིན་གྱི་གནས་སྟངས་འོག་ཕེབས་ཐུབ་མེད་རུང་། བརྙན་པར་བརྒྱུད་འཚམས་འདྲིའི་གསུང་བཤད་གནང་བ་དེ་མཛད་སྒོའི་ཐོག་མང་ཚོགས་ལ་གཟིགས་འབུལ་ཞུས་ཡོད་འདུག
དེ་བཞིན་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་གསུང་བཤད་གནང་སྐབས་ཐོག་མར་སྐྱོབ་པ་འཇིག་རྟེན་གསུམ་མགོན་ལ་གུས་ཕྱག་སྔོན་དུ་བཏང་ནས། མཛད་སྒོའི་ཐོག་༧དཔལ་རྒྱལ་བ་ཀརྨ་པ་དངོས་སུ་ཕེབས་ཐུབ་མེད་ཀྱང་། བརྙན་པར་གྱི་ལམ་ནས་གསུང་འཕྲིན་གནང་བ་དེས་ཞལ་དངོས་སུ་མཇལ་རྒྱུ་བྱུང་བ་ལྟ་བུའི་དགའ་ཚོར་བསྐྲུན་བྱུང་སྐོར་དང་སྐུ་མགྲོན་རྣམ་པར་ཐུགས་རྗེ་ཆེ་ཞུ། འབྲི་གུང་༧སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་བརྒྱད་བརྒྱའི་རྗེས་དྲན་མཆོད་འབུལ་སྨོན་ལམ་ཆེན་མོ་བཅས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་འདུག
གཞན་ཡང་མཛད་སྒོའི་ཐོག་འབྲི་གུང་རྒྱལ་ཡོངས་ལྷན་ཚོགས་ནས་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་དང་། སྲིད་སྐྱོང་བློ་བཟང་སེང་གེ། མངའ་སྡེའི་བློན་ཆེན་བཅས་ལ་ཕྱག་རྟགས་རེ་ཕུལ་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།