འབྲི་ཆུ་ཆེད་དེབ་གསུམ་པ་དབུ་འབྱེད་མཛད་སྒོ།
ཟླ་འདིའི་ཚེས་༢༦ ཉིན་རྒྱ་གར་རྡོ་རྗེ་གདན་གྱི་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་དུ། ཁམས་པའི་སྨྱུག་ཚོགས་ཀྱི་ཆེད་དེབ་<འབྲི་ཆུ>འདོན་ཐེངས་གསུམ་པ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་པ་དང་། དྲ་ཚོམས་ཚོགས་པ་དེ་ནི་བོད་སྤྱི་དང་བྱེ་བྲེག་ཁམས་ཕྱོགས་ཀྱི་རྩོམ་རིག་གོང་འཕེལ་ཆེད་གསར་འཛུགས་བྱས་པ་ཡིན་སྐོར་རྒྱུན་ལས་ཀྱིས་འགྲེལ་བརྗོད་གནང་འདུག
མཛད་སྒོའི་ཐོག་རག་རྡོ་བློ་བཟང་བསྟན་འཛིན་གྱིས་བོད་སྔ་རབས་པའི་རྩོམ་རིག་སྐོར་དང་། འཇུ་བསྟན་སྐྱོང་གིས་ཁ་ཡོད་ལག་ཡོད་ཀྱི་རྩོམ་ཡིག་འབྲི་ཐབས་སྐོར་ལ་གཏམ་བཤད་གནང་ཡོད་པ་རེད།
ཁམས་པའི་སྨྱུག་ཚོགས་ནི་ཕྱི་ལོ་༢༠༡༢ ལོར་རྡོ་རྗེ་གདན་དུ་སྨྱུག་འཛིན་པ་ཁག་ཅིག་འདུ་འཛོམས་ཐེངས་དང་པོ་བྱས་པ་དང་། དེ་ནས་རིམ་པས་བརྡ་འཕྲིན་འཕེལ་རིམ་དང་བསྟུན་ནས། བོད་སྤྱི་དང་བྱེ་བྲེག་ཁམས་ཕྱོགས་ཀྱི་རྩོམ་རིག་གོང་འཕེལ་ཆེད་ཁམས་པའི་སྨྱུག་ཚོགས་ཞེས་པའི་དྲ་ཚོམས་བཙུགས་ནས། སྒྲིག་གཞི་གསར་བཟོ་དང་། ཐོག་མར་རྒྱུན་ལས་སྐབས་རེས་ཟླ་བ་གསུམ་རེར་འགན་ཁུར་ལེན་རྒྱུ་བྱས་ཡོད་པ་རེད། འབྲི་ཆུ་ཞེས་པའི་ཆེད་དེབ་གསར་འདོན་གྱིས་དེབ་དང་པོ་དཔྱད་བརྗོད་རྩོམ་ཡིག་དང་། གཉིས་པ་སྙན་རྩོམ། ད་ཐེངས་ཀྱི་ཆེད་དེབ་གསུམ་པ་འདི་ནི་དཔྱད་རྩོམ་དང་སྙན་རྩོམ་གཉིས་ལས་གྲུབ་ཡོད་པ་རེད། རིམ་པས་རྒྱུན་ལས་ཀྱི་དུས་ཡུན་རིང་དུ་བཏང་ནས་སྐབས་རེས་ལོ་གཅིག་རིང་འགན་ཁུར་གྱི་ཡོད་པ་དང། དྲ་ཚོམས་སུ་བོད་ཕྱི་ནང་གཉིས་ཀྱི་མཁས་པ་གདན་ཞུའི་གཏམ་བཤད་དང་། ནང་ཁུལ་བགྲོ་གླེང་བྱེད་འཚོགས་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།