འཚེ་མེད་ཞི་བའི་སྐོར་གྱི་གློག་བརྙན་ཐུང་གྲས།

ཟླ་འདིའི་ཚེས་༥ ཉིན་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་འཚེ་མེད་ཞི་བའི་སྦྱོང་བརྡར་བསྟི་གནས་ཁང་གི་ངོས་ནས་འཚེ་མེད་ཞི་བའི་གོ་རྟོགས་སྤེལ་ཆེད་ཀྱི་གློག་བརྙན་ཐུང་གྲས་ཤིག་འགྲེམས་སྤེལ་བྱས་པའི་མཛད་སྒོ་ཞིག་འཚོགས་སོང་།

journeyགློག་བརྙན་དེ་བློ་བཟང་རྒྱ་མཚོ་དང་ལྷག་པ་སྐྱིད་འཛོམས་ཀྱིས་བཟོས་པ་དང་། འཚེ་མེད་ཞི་བའི་སྦྱོང་བརྡར་བསྟི་གནས་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པ་ཞིག་ཡིན་པ་རེད། དེའི་ནང་དོན་གཙོ་བོ་ཨ་རིའི་མི་རིགས་ནག་པོའི་འཐབ་རྩོད་པ་གྲགས་ཅན་མཱར་ཊིན་ལུ་ཐར་ཀིང་དང་མཉམ་དུ་ལས་ཀ་བྱེད་མྱོང་པའི་སྐུ་ཞབས་ཨེ་ཝེ་ར་ཊེ་གྷན་ཌེ་ལར་(Everett Gendler) དང་། ཁོང་གི་བཟའ་ཟླ་མཱེ་རི་གྷན་ཌེ་ལར་(Mary Gendler) གཉིས་ཀྱིས་ཆོས་ལུགས་དང་མ་འབྲེལ་བའི་འཚེ་མེད་ཞི་བའི་ལས་འགུལ་སྐོར་བཙན་བྱོལ་བོད་མིའི་ནང་ཟབ་སྦྱོང་སྤྲད་པ་ཁག་གི་ནང་དོན་སྙིང་བསྡུས་ཤིག་བཀོད་ཡོད་པ་རེད། དེ་བཞིན་མཁས་དབང་ཟམ་གདོང་རིན་པོ་ཆེའི་འཚེ་མེད་ཞི་བའི་སྐོར་གྱི་གསུང་བཤད་སྙིང་བསྡུས་དང་། བོད་ནང་དང་རྒྱ་གར་ནང་ནས་བོད་མི་ཚོས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བའི་བརྙན་པར་དང་འདྲ་པར་ཁག་ཅིག་ཀྱང་བཀོད་ཡོད་པ་རེད། །
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།