འཛམ་གླིང་ཁྱོན་གྱི་ནད་པའི་གྲངས་ཚད་ས་ཡ་ ༥ བརྒལ་བ།
ཉེ་བའི་ཆར་ལྷོ་ཨ་རིའི་ནང་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པའི་ཉིན་རེའི་འཕར་ཚད་དེ་བྱང་ཨ་རི་དང་ཡུ་རོབ་ལས་ཀྱང་མང་བ་བྱུང་སྟེ། ད་ལྟ་གོ་ལ་ཁྱོན་གྱི་ནད་པའི་ཁ་གྲངས་དེ་ས་ཡ་ ༥ བརྒལ་ཟིན་འདུག
འཇིགས་སུ་རུང་བའི་ནད་ཡམས་དེ་ལོ་སྔོན་མའི་ལོ་མཇུག་ཏུ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ཞེས་པ་ནས་ཐོག་མར་བྱུང་དུས། རྒྱ་ནག་གཞུང་གིས་ནད་ཡམས་སྐོར་ལ་ཉེན་བརྡ་གཏོང་མཁན་གྱི་གསར་འགོད་པ་དང་སྨན་པ་རྣམས་འཛིན་བཟུང་འཇིགས་སྐུལ་བྱས་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལའང་གནོན་ཤུགས་སྤྲད་དེ་འགེབས་སྲུང་བྱེད་དུ་བཅུག་པའི་མཇུག་འབྲས་ལ། ད་ཆ་ལྷོ་སྣེའི་འཁྱག་རུམ་གྱི་གླིང་ཆེན་མ་གཏོགས་ནད་ཡམས་དེས་མ་ཁྱབ་པའི་ཡུལ་ཞིག་མེད།
ཝུའུ་ཧན་ནས་བྱུང་བའི་ནད་ཡམས་དེ་ཐོག་མར་ཕྱི་ཟླ་ ༢ ནང་རྒྱ་ནག་ནང་ལོགས་སུ་ཤུགས་ཆེར་ཁྱབ་གདལ་ཕྱིན་ནས་མར་འཇགས་རྗེས། ཡུ་རོབ་དང་ཨ་རི་ལ་རྒྱ་ཁྱབ་ཆེན་པོ་བྱུང་བ་དང་། ད་ལྟ་ལྷོ་ཨ་རིའི་ནང་ཉིན་རེའི་ནད་པའི་གྲངས་ཚད་ལྡབ་ཀྱིས་འཕར་བཞིན་པ་དེས་ནད་ཡམས་ཀྱི་རྒྱུ་ཕྱོགས་གསར་པ་ཞིག་མཚོན་གྱི་ཡོད་འདུག
བདུན་ཕྲག་འདིའི་ནང་ད་བར་ནད་པ་ ༩༡,༠༠༠ ལྷག་བྱུང་བའི་སུམ་ཆ་གཅིག་ཙམ་ལྷོ་ཨ་རིའི་ནང་བྱུང་འདུག་པ་དང་། ཡུ་རོབ་དང་ཨ་རིའི་ནང་ནད་པའི་བརྒྱ་ཆ་ ༢༠ རེ་བྱུང་ཡོད་འདུག
ལྷོ་ཨ་རིའི་ནད་པ་གསར་པ་ཕོན་ཆེན་ཡོང་ས་གཅིག་ནི་བྷི་ཟིལ་(Brazil)ཆགས་འདུག་པ་དང་། ད་ལྟའི་ཆར་རྒྱལ་ཁབ་དེའི་ནད་པའི་གྲངས་ཚད་ཇར་མན་དང་། ཧྥ་རན་སི། དབྱིན་ཇི་བཅས་ལས་བརྒལ་ནས་ར་ཤི་དང་ཨ་རིའི་རྗེས་སུ་ཡོད་སྟབས། འཛམ་གླིང་ནང་ནད་པའི་གྲངས་ཚད་མང་ཤོས་གསུམ་པ་དེར་གྱུར་ཡོད་པའི་ཐོག ཉིན་རེའི་ནད་པའི་འཕར་གྲངས་ཀྱང་ཨ་རིའི་འོག་ཏུ་ཡོད་འདུག
རྒྱལ་སྤྱིའི་གསར་འགྱུར་གྲགས་ཅན་རའོ་ཏྲར་(Reuters)གྱི་གྲངས་ཐོར་གཞིགས་ན། ཕྱི་ཟླ་ ༡ ཚེས་ ༡༠ ལ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་དུ་ཐོག་མའི་ནད་པ་ ༤༡ གཏན་ཁེལ་བྱུང་འདུག་པ་དང་། དེའི་རྗེས་ཕྱི་ཟླ་༤ ཚེས་ ༡ ཉིན་འཛམ་གླིང་ཁྱོན་ལ་ནད་པ་ས་ཡ་གཅིག་བརྒལ་བ་བྱུང་བ་ནས་བཟུང་། བདུན་ཕྲག་གཉིས་རེའི་བར་ལ་ནད་པ་གསར་པ་ས་ཡ་རེ་ཙམ་འཕར་ཡོད་འདུག
ད་བར་ནད་ཡམས་དེའི་རྐྱེན་གྱིས་ཤི་བའི་གྲངས་ཚད་དེ་ ༣༢༦,༠༠༠ ལྷག་ཅིག་ཡིན་ན་ཡང་། བརྟག་དཔྱད་ཡོ་ཆས་ཀྱིས་མི་འདང་བ་དང་། དེ་བཞིན་རྒྱལ་ཁབ་སྐྱོ་བ་མང་པོ་ཞིག་གི་ནང་དུ་སྨན་ཁང་གི་ཕྱི་ལ་ཤི་བ་རྣམས་བརྩི་ཡི་མེད་སྟབས། ཤི་བའི་གྲངས་ཚད་དངོས་ནི་དེ་ལས་མཐོ་བ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག་ཅིང་། ད་བར་རྐྱེན་ལམ་དུ་ཕྱིན་པའི་གྲངས་ཚད་ཀྱི་ཕྱེད་ཀ་ལྷག་ཅིག་ཡུ་རོབ་གླིང་ཆེན་དུ་བྱུང་ཡོད་འདུག།
གསར་འགོད་པ་དཀོན་མཆོག་རབ་བརྟན།
