འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱིས་ཨ་རིས་ཁྲིམས་འགལ་བྱས་སྐོར་བསྒྲགས་འདུག

ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད། ཨ་རིས་རྒྱ་ནག་གི་ཐོན་རྫས་ཐོག་བརྒྱབ་པའི་སྒོ་ཁྲལ་དེ་ནི་ཁྲིམས་འགལ་ཡིན་སྐོར་འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱིས་བརྗོད་འདུག འོན་ཀྱང་བསྒྲགས་གཏམ་དེར་ཤུགས་རྐྱེན་ལྡན་པའི་མཇུག་འབྲས་གང་ཡང་མེད་སྐོར་འདུག
ཟླ་༩ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་རྒྱ་ནག་གིས་ཕྱི་ལོ་༢༠༡༨ ལོར་ཨ་རིས་རྒྱ་ནག་གི་ཐོན་རྫས་འབོར་ཨ་སྒོར་ས་ཡ་༢༣༤ ལ་སྒོ་ཁྲལ་བརྒྱབ་པ་དེ་ནི་ཁྲིམས་མཐུན་མིན་སྐོར་འཛམ་གླིང་ཚོང་དོན་ལྷན་ཚོགས་ལ་ཞུ་གཏུག་བྱས་འདུག་པ་དང་། ཟླ་༩ པའི་ཚེས་༡༥ ཉིན་ལྷན་ཚོགས་དེས་ཨ་རིའི་བྱ་སྤྱོད་དེ་རྒྱལ་སྤྱིའི་ཚོང་ལས་སྒྲིག་འཛུགས་དང་འགལ་ཡོད་པ་དང་། རྒྱལ་ཁབ་གཅིག་གིས་ཚོང་རོགས་རྒྱལ་ཁབ་ཚང་མར་སྒོ་ཁྲལ་གཅིག་པ་རྒྱག་དགོས་པའི་ཁྲིམས་ཚུད་པའི་ཁྲིམས་ཁག་ཅིག་དང་འགལ་གྱི་ཡོད་སྐོར་བསྒྲགས་གཏམ་སྤེལ་འདུག འོན་ཀྱང་བསྒྲགས་གཏམ་དེར་ནུས་པ་དམིགས་བསལ་མེད་པ་རེད་འདུག
ཨ་རིས་བསྒྲགས་གཏམ་དེས་དེ་སྔོན་ལོ་བཞིའི་རིང་ཊོམ་སྲིད་གཞུང་གིས་འཛམ་གླིང་ཚོང་དོན་ལྷན་ཚོགས་དེ། རྒྱ་ནག་གི་གནོད་འཚེ་ཅན་གྱི་བྱ་སྤྱོད་བཀག་འགོག་བྱེད་པར་ནུས་མེད་ཡིན་སྐོར་བརྗོད་བཞིན་པ་དེ་ར་སྤྲོད་བྱས་ཡོད་པ། ཨ་རིས་ལྷན་ཚོགས་དེར་རྒྱ་ནག་གིས་རིག་རྩལ་རྐུ་འཕྲོག་གི་བྱ་སྤྱོད་སྤེལ་གྱི་ཡོད་པའི་དཔང་རྟགས་སྤྲད་པར། ལྷན་ཚོགས་ཀྱིས་རྩོད་ལེན་བྱས་མེད་ཀྱང་། ཐེངས་འདིའི་ཐག་གཅོད་དེས་ལྷན་ཚོགས་ཀྱིས་གནད་དོན་སེལ་ཆེད་ཀྱི་ཐབས་ལམ་གང་ཡང་བཙལ་མེད་པ་གསལ་པོ་ཡིན་སྐོར་བརྗོད་འདུག
འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱིས་ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད། ཨ་རིའི་ཕྱོགས་ཀྱི་བྱ་སྤྱོད་ཁོ་ནར་རྟོག་ཞིབ་བྱས་པ་ལས། རྒྱ་ནག་གི་རྒོལ་ལན་ལ་རྟོག་ཞིབ་བྱས་མེད་འདུག དེ་ཡང་ཨ་རིས་ཚོང་དོན་ལྷན་ཚོགས་ལ་ཞུ་གཏུག་བྱས་མེད་པས་ཡིན་འདུག རྒྱ་ནག་གིས་ཐག་གཅོད་དེ་ནི་དྲང་བདེན་ཡིན་པ་དང་དགའ་བསུ་ཡོད་སྐོར་བསྒྲགས་འདུ་པ་དང་། ཨ་རྒྱ་གཉིས་ཀྱི་ཚོང་དམག་ལ་བརྟེན་ནས་རྒྱལ་སྤྱིའི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་བཞིན་ཡོད་པ་རེད།
དེ་ཡང་ཨ་རིས་ཞིབ་འཇུག་བྱས་པ་བརྒྱུད། ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་ཁྲོད། རྒྱ་ནག་གིས་ཨ་རིའི་ཚོང་ལས་ཁང་གི་རིག་རྩལ་བདག་དབང་རྐུ་འཕྲོག་དང་། ཕྱོགས་གཉིས་བར་ཅ་དངོས་ནང་འདྲེན་དང་ཕྱི་འདྲེན་གྱི་འབོར་ཆ་སྙོམས་མེད་པ་སོགས་ཀྱི་ཐོག་ལ་ཉམས་ཞིབ་བྱས་རྗེས། རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་རྒྱག་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ཨ་རི་དང་རྒྱ་ནག་བར་གྱི་ཚོང་འབྲེལ་ཁྲོད། ཨ་རིས་རྒྱ་ནག་ལ་ཚོང་ཟོག་ཕྱི་འདྲེན་ཨ་སྒོར་ཐེར་འབུམ་༣༧༥ ལྷག་གིས་ཉུང་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།