འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཡུ་རོབ་ལ་ཉེན་བརྡ་བཏང་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ད་ལྟའི་ཆར་ཡུ་རོབ་ཁུལ་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་ཚབས་ཆེ་རུ་འགྲོ་བཞིན་ཡོད་པས། དེ་ལ་བརྟེན་ནས་ཁུལ་དེར་ནད་རླབས་བཞི་པ་སླེབས་ནས་མི་ས་ཡ་ཕྱེད་ཀ་ལྷག་ཙམ་གྱི་ཚེ་སྲོག་ཤོར་སྲིད་པའི་ཉེན་བརྡ་བཏང་འདུག 

ཟླ་༡༡ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཡུ་རོབ་ཁུལ་གྱི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་ཧཱན་སེ་ཀེ་ལུག་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ། ད་ལྟའི་ཆར་ཡུ་རོབ་དེ་བསྐྱར་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ལྟེ་གནས་ཆགས་ཡོད་པ་དང་། གལ་ཏེ་ད་ལྟ་ནས་སྔོན་འགོག་གི་ལས་དོན་ཚགས་ཚུད་མ་སྤེལ་ཚེ། ཕྱི་ལོ་༢༠༢༢ ལོའི་ཟླ་༢ པ་ཟིན་སྐབས་སུ་ཡུ་རོབ་དང་ཨེ་ཤི་ཡའི་དབུས་རྒྱལ་ཁབ་ཁག་ནས་མི་མང་ས་ཡ་ཕྱེད་ཀ་ལྷག་གི་ཚེ་སྲོག་ཤོར་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་སྐོར་བརྗོད་འདུག 

ཁོང་གིས་ཡུ་རོབ་ཁུལ་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་ཚབས་ཆེ་རུ་སོང་བའི་རྒྱུ་མཚན་ནི་སྔོན་འགོག་གི་ལས་དོན་ལྷོད་དུ་བཏང་ཡོད་ཁར། སྔོན་འགོག་སྨན་ཁབ་རྒྱག་མཁན་ཉུང་དུ་ཕྱིན་ཡོད་རྐྱེན་ཡིན་སྐོར་བརྗོད་འདུག 

ཡུ་རོབ་ཁུལ་དུ་ཏོག་དབྱིབས་སྨན་ཁབ་བརྒྱབ་པའི་ཚད་གཞི་དལ་དུ་ཕྱིན་ཡོད་འདུག་པ་དང་། དེ་ཡང་སཱེ་པན་ནང་དུ་མི་མང་བརྒྱ་ཆ་༨༠ ལྷག་ཙམ་གྱིས་སྔོན་འགོག་སྨན་ཁབ་ཆ་ཚང་བ་བརྒྱབ་ཡོད་ཁར། ཧྥ་རན་སི་ནང་དུ་བརྒྱ་ཆ་༦༨ དང་། འཇར་མན་ནང་བརྒྱ་ཆ་༦༦ ཡིན་འདུག དེ་བཞིན་ཡུ་རོབ་ཀྱི་དབུས་དང་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པའི་བརྒྱ་ཆ་དམའ་བོ་ཡིན་པ་དང་། ཨུ་རུ་སུའི་ནང་མི་མང་བརྒྱ་ཆ་༣༢ མ་གཏོགས་མེད་འདུག 

འཇར་མན་ནང་འདས་པའི་ཆུ་ཚོད་༢༤ ཡི་རིང་ལ་ཏོག་ནད་གསར་དུ་ཐོན་མཁན་གྱི་ཁ་གྲངས་ནི་༣༤༠༠༠ ཡིན་འདུག་པས། དེ་ནི་ད་བར་གྱི་ཁ་གྲངས་མཐོ་ཤོས་ཡིན་འདུག་པ་དང་། ཉིན་གཅིག་ནང་ཚེ་སྲོག་ཤོར་མཁན་གྱི་ཁ་གྲངས་ནི་༡༦༥ ཡིན་འདུག  དེ་བཞིན་དབྱིན་ཡུལ་གྱི་ཉིན་རེའི་ཁ་གྲངས་ནི་༣༧༠༠༠ ལས་མང་བ་ཡིན་འདུག འཇར་མན་གྱི་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལས་བྱེད་གཅིག་གིས་གལ་ཏེ་སྔོན་འགོག་གི་ལས་གཞི་ཚགས་ཚུད་མ་སྤེལ་ཚེ། ནད་རླབས་བཞི་པ་ཡོང་རྒྱུ་ཡིན་པ་དང་དེས་དཀའ་སྡུག་ཆེན་པོ་བཟོ་རྒྱུ་ཡིན་པ། འཇར་མན་ནང་དུ་སྔོན་འགོག་སྨན་ཁབ་བརྒྱབ་མེད་མཁན་ལོ་ན་༦༠ ཡན་ཆོད་ཀྱི་མི་མང་ས་ཡ་༣ ལས་མང་བ་ཡོད་པས། དེ་དག་ལ་ཉེན་ཁ་ཆེན་པོ་མཐོང་གི་ཡོད་པ། ཏོག་དབྱིབས་ནད་དུག་གི་ཁ་གྲངས་འཕར་མཁན་གྱི་རྒྱལ་ཁབ་ནི་འཇར་མན་གཅིག་པུ་མིན་པར། ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ནང་གནས་སྟངས་ཚབས་ཆེན་ཆགས་བཞིན་ཡོད་སྐོར་བརྗོད་འདུག 

འདས་པའི་བདུན་ཕྲག་གཅིག་ནང་ཨུ་རུ་སུའི་ནང་དུ་ཏོག་དབྱིབས་རྐྱེན་པས་མི་གྲངས་༨༡༠༠ ལས་མང་བ་བྱུང་འདུག་པ་དང་། ཡུག་ཀེ་རན་ནང་ཉིན་གཅིག་ནང་ཏོག་ནད་གསར་དུ་ཐོན་མཁན་གྱི་ཁ་གྲངས་ནི་༢༧༣༧༧ ཡིན་ཁར་བདུན་གཅིག་ནང་མི་གྲངས་༣༨༠༠ ཡི་ཚེ་སྲོག་ཤོར་འདུག རྒྱལ་ཁབ་དེ་གཉིས་ཀའི་ནང་དུ་སྔོན་འགོག་སྨན་ཁབ་བརྒྱབ་མཁན་ཉུང་ཉུང་ཡིན་འདུག 

ཟླ་༡༠ པའི་ཟླ་མཇུག་ཏུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས། ཤར་ཡུ་རོབ་ཁུལ་གྱི་མི་འབོར་དེ་འཛམ་གླིང་གི་མི་འབོར་ནང་ནས་བརྒྱ་ཆ་༤ མ་གཏོགས་ལོན་གྱི་མེད་ཀྱང་། ད་ལྟའི་ཆར་འཛམ་གླིང་ནང་ཏོག་དབྱིབས་ནད་དུག་གསར་པ་ཐོན་པའི་གྲངས་འབོར་ནས་བརྒྱ་ཆ་༢༠ ལྷག་ཁུལ་དེ་ནས་ཡིན་འདུག དེ་བཞིན་འཛམ་གླིང་ནང་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་ཚེ་སྲོག་མང་ཤོས་ཤོར་མཁན་གྱི་རྒྱལ་ཁབ་༥ ནས་གསུམ་ནི་ཁུལ་དེའི་རྒྱལ་ཁབ་ཨུ་རུ་སུ་དང་། ཡུག་ཀེ་རན། རཱོ་མི་ནིཡ་བཅས་ཡིན་པས་སྔོན་འགོག་གཟབ་ནན་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།