ཇོ་ནང་པར་ཆོས་བརྒྱུད་ཀྱི་ཐོབ་ཐང་མ་གནང་ཚེ་མ་འོངས་པར་ལས་འགུལ་སྤེལ་འཆར།
གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་མ་གནང་ཚེ། ཕྱི་ལོ་༢༠༡༧ ཟླ་༡ ནང་གི་དུས་དབང་སྐབས་ཀྱི་ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག དེའི་རྒྱུ་རྐྱེན་གང་ཡིན་ངོས་འཛིན་བགྲོ་གླེང་གནང་རྒྱུ། གྲོས་ཚོགས་འཚོགས་དུས་གསུམ་པའི་སྟེང་ཞི་འབོད་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་སྐོར་ལ་བགྲོ་གླེང་བྱེད་རྒྱུ་ཡིན་པ་རེད།
ཟླ་འདིའི་ཚེས་༡༧ ནས་ཉིན་གཉིས་རིང་དྷ་ས་ནོར་གླིང་དུ་ཇོ་ནང་རྒྱལ་སྤྱིའི་ཇོ་ནང་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོ་འཚོགས་ཡོད་པ་དང་། དེར་ཨ་རི་གཙོས་རྒྱལ་ཁབ་དང་ས་གནས་ཁག་ ༡༤ ནས་ཇོ་ནང་སྐུ་ཚབ་གྲངས་༣༠ ལྷག་མཉམ་ཞུགས་གནང་ཡོད་པ་རེད།
ལྷན་ཚོགས་ཐོག་ཇོ་ནང་པར་གྲོས་ཚོགས་ནང་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་དགོས་སྐོར་ལ་བགྲོ་གླིང་དང་ལས་འགུལ་སྤེལ་ཕྱོགས་ལ་གྲོས་ཆོད་བཞག་ཡོད་པ་རེད། ཚོགས་འདུ་མཇུག་བསྒྲིལ་བ་དང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཇོ་ནང་བའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཕྱི་ལོ་༡༩༩༧ ནས་བཟུང་རང་གཞུང་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཞིན་ཆོས་བརྒྱུད་སྤྱི་མཚུངས་ལྟར་ཐོབ་ཐང་འདྲ་མཉམ་ཐོབ་འོས་ཐོབ་རྒྱུར་རེ་སྐུལ་ཐེངས་མང་ཞུས་པ་མ་ཟད། ཁྲིམས་མཐུན་ཞུ་འབོད་ལས་འགུལ་སྔ་ཕྱི་བྱས་ཀྱང་དོན་མཐུན་བདག་སྤྲོད་མ་བྱུང་བའི་རྐྱེན་གྱིས། ད་ལན་རྒྱལ་སྤྱིའི་ཇོ་ནང་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོ་བསྐོང་འཚོགས་གནང་དགོས་བྱུང་བ་རེད། ལྷན་འཚོགས་འདིའི་རེ་བ་གཙོ་བོ་ནི། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གཞོན་སྐྱེས་ཤེས་ལྡན་པ་གང་མང་ཞིག་ཕེབས་ཡོད་སྟབས། ཚོགས་ཞུགས་ཇོ་ནང་སྐུ་ཚབ་རྣམ་པས་སླར་ཡང་དྲང་བདེན་དང་གནས་ལུགས་དཔང་དུ་བཙུགས་ནས་གྲོས་ཚོགས་སུ་སྙན་ཞུ་ཁ་གསལ་ཞིག་ཕུལ་བ་ཡིན་ན། རྒྱལ་བ་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཆ་ཚང་ཁྲིམས་ཐོག་ནས་གནང་ངེས་སྙམ་པའི་ཡིད་ཆེས་བློ་གཏད་ཀྱི་སྒོ་ནས་གྲོས་ཆོད་དོན་ཚན་ལྔ་སྤྱི་མོས་ཀྱི་ཐོག་ནས་བཞག་སྟེ། ཇོ་ནང་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོ་རེ་བ་ཡིད་ཆེས་ཀྱི་ངང་ནས་མཇུག་བསྡུས་ཞེས་དང་།
གྲོས་ཆོད་ནང། རྒྱལ་སྤྱིའི་ཁྲིམས་ལུགས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་གཞིར་བཟུང་རྒྱལ་བ་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་སྐྱོང་ཡོངས་བའི་སྙན་ཞུ་སླར་ཡང་འབུལ་རྒྱུ་དང་། སྐུ་ཚབ་ཆ་བགོས་བྱས་ཏེ་གྲོས་ཚོགས་འཐུས་མི་རེ་རེའི་ལས་ཤག་ཏུ་ཆེད་བཅར་གྱིས་ཇོ་ནང་པའི་རེ་འདོད་སྙན་གསན་དང་འབྲེལ་ཡིག་ཐོག་སྙན་ཞུ་དངོས་འབུལ་ཞུ་རྒྱུ། གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་མ་གནང་ཚེ། ཕྱི་ལོ་༢༠༡༧ ཟླ་༡ ནང་གི་དུས་དབང་སྐབས་ཀྱི་ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག དེའི་རྒྱུ་རྐྱེན་གང་ཡིན་ངོས་འཛིན་བགྲོ་གླེང་གནང་རྒྱུ། གྲོས་ཚོགས་འཚོགས་དུས་གསུམ་པའི་སྟེང་ཞི་འབོད་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་སྐོར་ལ་བགྲོ་གླེང་གནང་རྒྱུ། གལ་ཏེ་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་དངས་ལེན་བྱེད་ཐབས་མེད་པའི་ཐག་གཅོད་བྱུང་ན། སྙན་ཞུ་གཉིས་པ་ཞིག་འཕྲལ་དུ་ཕུལ་ནས་མ་འོངས་ལས་འཆར་ཁག་ཁ་གསལ་སྙན་གསན་ཞུ་རྒྱུ་དང་། ད་ལོའི་དུས་དབང་སྐབས་ཀྱི་ཇོ་ནང་ཚོགས་ཆེན་སྐབས་སུ་གྲོས་ཚོགས་ཀྱི་ཐག་གཅོད་ལ་བཀའ་བསྡུར་གྱིས་གྲོས་ཚོགས་འཚོགས་དུས་གསུམ་པར་ཞི་འབོད་ལས་འགུལ་སྤེལ་རྒྱུ་བཅས་ཀྱི་གྲོས་ཆོད་བཞག་ཡོད་པོ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
