འོས་བསྡུ་ཆེན་མོ་དང་འཐབ་རྩོད།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༦༩ ཡི་ཆེད་བརྗོད།
བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཕྱི་ལོ་༢༠༠༡ ལོ་ནས་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་དང། ཕྱིས་སུ་བཀའ་བློན་ཁྲི་པའི་མིང་དེ་སྲིད་སྐྱོང་དུ་བསྒྱུར་བ་ཙམ་ལས་དོན་དུ་ཁྱད་པར་ཆེན་པོ་དེ་ཙམ་ཕྱིན་མེད། བར་ལམ་ནས་བཟུང་སྲིད་སྐྱོང་གི་འོས་བསྡུ་དེ་འཐབ་རྩོད་གཙོ་བོར་བཟུང་ནས་འདེམས་རྒྱུ་ལས་བརྒལ་ཏེ། ནང་ཁུལ་གྱི་འཐེན་འཁྱེར་ཁོ་ན་གཞི་རྩར་བཞག་ནས་འདེམས་རྒྱུའི་ཁ་ཕྱོགས་ཤིག་ཏུ་བསྒྱུར་སོང། འདས་པའི་མི་ལོ་བཅོ་ལྔ་ཙམ་གྱི་སྔོན་དུའང་ཕྱོགས་ཞེན་དང་འཐེན་འཁྱེར་བྱེད་མཁན་ཆབ་སྲིད་པ་དང་མི་མང་དཀྱུས་མ་བཅས་ཀྱི་ནང་དུ་ཡོད་ཀྱང། ཁ་ནས་འཐེན་འཁྱེར་བྱེད་མཁན་མ་ཡིན་པར་སྤྱི་དོན་ཁོ་ན་ཡིན་པའི་འགྲེལ་བརྗོད་ཅིག་རང་བཞིན་གྱིས་བྱེད་ཀྱི་ཡོད། ད་ལྟའི་ཆར་སྲིད་སྐྱོང་དང་སྤྱི་འཐུས་སོགས་མཛད་གཙོ་རྣམ་པའི་ནང་དུ་ཕྱོགས་རིས་འཐེན་འཁྱེར་གྱི་སྐད་ཆ་མངོན་གསལ་དུ་ཤོད་མཁན་ཡོད་པ་མ་ཟད། མི་མང་དཀྱུས་མའི་ནང་དེ་བས་ཀྱང་མངོན་གསལ་དོད་དུ་སོང་བ་ནི། བཙན་བྱོལ་སྤྱི་ཚོགས་ཀྱི་འགྱུར་ལྡོག་ཆེ་ཤོས་ཤིག་ཏུ་གྱུར་ཡོད།
མ་འོངས་པར་སྤྱི་ཚོགས་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱིས་འགྱུར་བ་ཆེན་པོ་ཞིག་འགྲོ་ཐུབ་མིན་དེ་མི་མང་ཁོ་ནའི་ལག་ཏུ་ཡོད་པ་ལས་ཆབ་སྲིད་པ་སུ་གཅིག་གིས་འགྱུར་བ་གཏོང་མི་ཐུབ། མི་མང་གི་བསམ་བློའི་ནང་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་དང། བོད་དོན་འཐབ་རྩོད་ལ་གྲུབ་འབྲས་ཡོང་ཐབས་གཙོ་བོར་འཛིན་ཐུབ་མིན་དེ། མང་གཙོའི་གོ་རྟོགས་དང་ཤེས་ཡོན་ལ་རག་ལས་ཡོད། ཆབ་སྲིད་པ་རྣམས་ཀྱིས་མི་མང་གི་དགའ་ཕྱོགས་དང་བསྟུན་ནས་འཆར་གཞི་སྒྲིག་དགོས་པ་དེ་འཛམ་གླིང་གི་མང་གཙོའི་ལམ་ལུགས་ནང་ཡོངས་ཁྱབ་ཏུ་གྱུར་ཟིན་པ་རེད། བོད་པའི་སྤྱི་ཚོགས་ནང་དུའང་དེའི་ཤུགས་རྐྱེན་ཆེན་པོ་ཡོད་ལ། ལོ་འདིའི་ནང་སྲིད་སྐྱོང་གིས་ཏེ་ཛུ་གཞིས་ཆགས་སུ་ཁམས་པར་མཐོང་ཆུང་དང་སྡིགས་དམོད་མང་དག་ཅིག་བྱས་པ་དང། གྲོས་ཚོགས་ནང་དེའི་སྐོར་གླེང་སློང་བྱས་པར་ཁམས་པ་ཙམ་མ་ཡིན་པར་ཨ་མདོ་ལའང་གཅིག་མཚུངས་ཀྱིས་ལབ་བསམ་ཡང། མི་གཞན་ཞིག་གློ་བ་བརྒྱབ་ནས་ཁོང་གི་ཁ་ནས་ཨ་ཆད་སོང་ཚུལ་འགྲེལ་བརྗོད་གནང་ཡོད།
དོན་དངོས་སུ་ཨ་མདོ་ལའང་མཐོང་ཆུང་དང་སྡིགས་དམོད་བྱེད་བསམ་པའི་དབང་དུ་བཏང་ཡང། དེ་ཙམ་གྱིས་ཁམས་པར་ཕོག་ཐུག་བཏང་བ་ཚུལ་མཐུན་དུ་འགྱུར་མི་ཐུབ་པ་སྲིད་སྐྱོང་གིས་མི་ཤེས་པ་གཏན་ནས་མིན་ཡང། ཨ་མདོ་ལ་ག་རེ་ལབ་ཀྱང་སྲིད་སྐྱོང་ལས་ཐོག་ལ་རྒྱབ་སྐྱོར་བྱེད་ངེས་པ་དང། གནས་སྟངས་ག་འདྲ་བྱུང་ཡང་ཁམས་པ་ཕལ་ཆེ་བས་ཁོང་ལ་རྒྱབ་སྐྱོར་མི་བྱེད་སྙམ་ནས། ཁམས་པ་ལ་སྐྱོན་བརྗོད་བྱས་ན་དབུས་པ་དགའ་ནས་ཁོང་ལ་རྒྱབ་སྐྱོར་རག་རྒྱུའི་ཐབས་ཤེས་བྱས་པ་དེ་འགྲེལ་བརྗོད་ཇི་ལྟར་བྱས་མིན་ལ་མ་ལྟོས་པར་དངོས་ཡོད་གནས་ཚུལ་དེ་རེད། དོན་དངོས་ཀྱི་ཐོག་ནས་བསམ་བློ་བཏང་ན་ཁམས་པར་སྡང་ཟུག་གི་རྣམ་འགྱུར་བསྟན་པ་ཙམ་གྱིས་དབུས་གཙང་མི་མང་གིས་རྒྱབ་སྐྱོར་བྱེད་ངེས་ཡིན་པའི་ངོས་འཛིན་གནང་བ་དེ་ནི། ཕྱོགས་གཅིག་ནས་དབུས་གཙང་མི་མང་གི་མི་གཞི་དང་ཤེས་ཚད། ལྷག་པར་བོད་དོན་འཐབ་རྩོད་ཀྱི་བསམ་བློ་དང་འབྲེལ་བའི་ཐོག་ནས་མཐོང་ཆུང་བྱས་པ་ལྟ་བུ་ལས། ཁ་རྡུང་བཏང་བ་ཙམ་གྱིས་ཁམས་པ་ལ་ཁྱད་པར་ཆེན་མོ་གང་ཡང་མེད།
དེ་དང་དེ་ལྟ་བུའི་དཔེ་མཚོན་མང་པོ་ཞིག་ཡོད་པ་དག་གིས་སྲིད་དོན་པ་རྣམས་ཀྱིས་མི་མང་གི་ཁ་ཕྱོགས་དང་བསྟུན་ནས་འཆར་གཞི་འཐེན་པ་དང། མི་མང་གི་འདོད་མོས་དང་བསྟུན་ནས་གཏམ་བཤད་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ཁ་ཕྱོགས་ངེས་ཅན་ཞིག་ཏུ་སླེབས་ཟིན་པ་རེད། ཤེས་ཡོན་དང་ཤུགས་རྐྱེན་སོགས་གང་ཐད་ནས་གཞན་དང་མི་འདྲ་བའི་ནུས་པ་ཡོད་མཁན་འགོ་ཁྲིད་རེ་ཟུང་གིས་རང་ཉིད་ཀྱི་འདོད་ཕྱོགས་དང་དམིགས་ཡུལ་གཞི་རྩར་བཞག་ནས་མི་མང་གིས་སྣེ་ཁྲིད་ཐུབ་མཁན་ཡོད་ཀྱང། ཕལ་ཆེ་བས་མི་མང་གི་འདོད་མོས་དང་ཁ་ཕྱོགས་གང་ཡིན་པ་དེ་གཙོར་བཟུང་བྱ་རྒྱུ་ལས་རང་ཉིད་ལ་འཆར་གཞི་དང་དམིགས་ཡུལ་རྒྱ་ཆེན་པོ་གང་ཡང་མེད། དམིགས་ཡུལ་དང་འཆར་གཞི་ཡོད་ཀྱང་དེ་ལ་མི་མང་གིས་རྒྱབ་སྐྱོར་མེད་ན་འགོ་ཁྲིད་ཀྱི་གོ་གནས་སུ་སླེབས་དཀའ་བས། འོས་བསྡུའི་ལམ་ལུགས་ཁྲོད་མཐར་ཐུག་གི་དབང་ཆ་ནི་མི་མང་གི་ལག་ཏུ་ཡོད་པས། མི་མང་གིས་སྤྲད་པའི་དབང་ཆ་དེ་མི་མང་གི་ཆེད་དུ་རེད་ཅེས་བཤད་སྲོལ་ཡོད་པ་དེ་དོན་དངོས་དང་མཐུན་པ་ཞིག་རེད།
མདོར་ན་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དང། འོས་བསྡུའི་ལས་རིམ་གང་ཐད་ནས་བསམ་ཡང། བཙན་བྱོལ་བོད་མི་རྒན་གཞོན་སེར་སྐྱ་ཚང་མས་གཙོ་ཆེ་ཤོས་བོད་དོན་འཐབ་རྩོད་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ན་གཞི་རྩར་འཛིན་དགོས་པ་ལས། དགོས་མེད་ནང་ཁུལ་གྱི་འཐེན་འཁྱེར་ཙམ་གཞི་རྩར་བཞག་ནས་མུ་མཐུད་སོང་ན་བཙན་བྱོལ་དུ་ཡོང་ཞིང་རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་ཞུས་པ་ཞིག་ཡིན་པ་དང། འཛམ་གླིང་གི་ཁྲོད་ནས་གདུག་རྩུབ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ལ་ཁ་གཏད་གཅོག་དགོས་པས། རྩ་དོན་དང་འཐབ་རྩོད་བཅས་གང་ཐད་ནས་གྲུབ་འབྲས་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས་རེད་ལ། ༧གོང་ས་མཆོག་ཞལ་མ་བཞུགས་པའི་གནས་སྟངས་ཐབས་སྐྱོ་བོ་ཞིག་བྱུང་ན། བཙན་བྱོལ་དུ་ཡོད་པའི་བོད་གཞུང་གི་སྒྲིག་འཛུགས་འདི་ཡང་མུ་མཐུད་གནས་ཐུབ་རྒྱུ་ཕལ་ཆེར་ཁག་པོར་འགྱུར་ངེས་ཡིན་པས། བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་འདི་ཡང་འཐབ་རྩོད་ཀྱི་ལས་འགུལ་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།།