འོས་བསྡུ་དང་འབྲེལ་བའི་ཉེན་བརྡ་ཁག་དང་སྨན་པ་རྟ་ར་ལ་གདམ་བྱ་འདེམས་བྱེད་འཕྲོག་པ།

བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་ལས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་ལ། གསར་འགོག་གསལ་བསྒྲགས་ཐོག་ཏུ་ཕྱི་ལོ་༢༠༢༥ དང་༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་འགོ་འཛུགས་ཟིན་པས། མང་ཚོགས་ཁྲོད་དབུས་འོས་བསྡུ་ལས་ཁང་གི་ལས་དོན་བྱེད་ཆོག་ཐད་གནོན་ཤུགས་ཡོད་པའི་རྣམ་རྟོག་དབང་གིས་གཞི་མེད་སྐྱོན་བརྗོད་སོགས་ཡོང་བཞིན་འདུག་པར་སོང་། དབུས་འོས་བསྡུ་ལས་ཁང་གིས་ངོས་ནས་རང་དབང་ལྡན་པའི་ཐོག་ནས་ལས་དོན་གྲུབ་ཀྱི་ཡོད་པ་མང་ཚོགས་ཀྱི་ཤེས་རྟོགས་ཆེད་གསལ་བཤད་ཁག་ཅིག་གནང་སོང་།


ཕྱི་ལོ་༢༠༢༦ ཟླ་༡ ཚེས་༢༨ ཉིན་འདི་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་། སྐབས་དེ་དུས་མི་མང་ཁྲོད་དབུས་འོས་བསྡུ་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཐད་གནོན་ཤུགས་ཡོད་པའི་རྣམ་རྟོག་གིས་གཞི་མེད་སྐྱོན་བརྗོད་སོགས་ཡོང་བཞིན་འདུག་པས། འོས་བསྡུ་ལས་ཁང་གི་ལས་དོན་ཁག་རང་དབང་དང་། འདྲ་མཉམ་ཐོག་ནས་སྒྲུབ་བཞིན་ཡོད་ཅེས་གསུངས་སོང་ལ། མི་མང་གི་ཤེས་རྟོག་ཆེད་འོས་བསྡུ་འགོ་བཙུགས་པ་ནས་ད་བར་བོད་པའི་སྤྱི་ཚོགས་ཁྲོད་འོས་བསྡུ་དྲང་པོ་དང་། ལྷིང་འཇགས་ཡོང་ཐབས་སུ་འོས་བསྡུ་ལས་ཁང་གིས་མི་ཁག་ཅིག་ལ་ལམ་སྟོན་དང་ཉེན་བརྡ་བཏང་ཡོད་པ་དག་གསལ་བསྒྲགས་བྱས་སོང་།
༡ ལོ་སྔོན་མ་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ནས་འདི་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་ལས་རིམ་འགོ་འཛུགས་ཀྱི་དུས་ཚེས་ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༡ ནས་གནང་རྒྱུ་གཏན་འབེབས་ཞུས་ཏེ་སྒྲིག་དོན་སྙན་སེང་ཞུས་ཡོད་ནའམ། ཕྱི་ལོ་༢༠༢༥ ཟླ་༦ ཚེས་༡༢ ཉིན་སྲིད་སྐྱོན་སྤེན་པ་ཚེ་རིང་ནས་གཏན་འབེབས་ཟིན་པའི་འོས་བསྡུ་ལས་རིམ་དེ་བཞིན་ཕྱི་ཟླ་༩ ཚེས་༡ ལ་སྔ་བསྣུར་ཡོང་བའི་དགོངས་འཆར་གནང་ཡོད་ཀྱང་དེ་ལ་དང་ལེན་ཞུས་མེད་ཅེས་དང་།
༢ གཞི་རིམ་དྭང་བླངས་མི་མང་ལས་འགུལ་ཚོགས་པ་ཞེས་པ་ནས་ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༡༤ ཉིན་དམིགས་བསལ་ཚོགས་ཆེན་ཀྱི་ལས་འགུལ་ཞིག་བཞུགས་སྒར་དྷ་རམ་ས་ལར་གོ་སྒྲིག་ཞུ་འཆར་གསལ་བསྒྲགས་ཞུས་པའི་གནད་དོན་དེ་ནས་ཤེས་རྟོགས་བྱུང་མ་ཐག་འབྲེལ་ཡོད་ལ་ཞལ་པར་བརྒྱུད་ལས་འགུལ་དེ་བཞིན་འོས་བསྡུའི་ལས་རིམ་སྐབས་གནང་ཐལ་མེད་པས་ཕྱིར་འཐེན་དགོས་པ་དགག་ཆ་ཞུས་དོན་ལྟར་འབྲེལ་ཡོད་ནས་དང་ལེན་གྱིས་ཕྱིར་འཐེན་ཞུས་ཡོད་པ།
༣ སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེས་ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༡ ནི་རྡ་ས་ལྷ་རྒྱལ་རིར་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསར་འགོད་གསལ་བསྒྲགས་སྐབས་སུ་(༧རྒྱལ་རིན་པོ་ཆེ་ནང་བཞིན་སུ་གང་གིས་གནང་ཐུབ་ཀྱི་མ་རེད་དེ། ཡིན་ནའི་༧རྒྱལ་བ་རིན་པོ་ཆེ་གཙོས་པའི་ང་ཚོ་ཚང་མ་ད་མི་མང་ལ་སྐྱོན་མེད་ཀྱོག་དང་། ག་རེ་ཡིན་ནའི་མི་གཅིག་གིས་ད་ག་ཚོད་འཇོན་ཐང་དང་། ཤེས་འཇོན། རྒྱབ་ལྗོངས་ཡོད་པ། ཡིན་ན་མི་གཅིག་གི་ནུས་པ་དེ་མི་མང་པོ་དང་བསྡུར་ཡས་ཡོད་མ་རེད་)ཅེས་བརྗོད་ཡོད་པར་མང་ཚོགས་ཁྲོད་ནས་བསམ་ཚུལ་དང་། སྐྱོན་བརྗོད་རིགས་བྱུང་ཡོད་པར་སོང་། ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༡༦ ཉིན་བཅའ་སྒྲིག་དགོངས་དོན་དང་འགལ་འཛོལ་གྱུར་ཉེན་ཡོད་པས། སླད་ཕྱིན་འདི་རིགས་མི་ཡོང་བ་ཐུགས་གཟབ་དགོས་པའི་ཉེན་བརྡ་བཏང་ཡོད་པ་བརྗོད།
༤ བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢༤ ནས་༢༧ བར་(བོད་རང་དབང་འཐབརྩོད་པའི་ལྷན་འཛོམས)ཞེས་བརྗོད་གཞིའི་ཐོག་ཚོགས་འདུ་རྒྱས་འཛོམས་ཤིག་ཚོགས་གཏན་འཁེལ་བའི་གནད་དོན་འདི་གར་ཤེས་རྟོགས་བྱུང་བར། འདི་ནས་ཕྱི་༢༠༢༦ ཟླ་༡ ཚེས་༦ ཉིན་འཁོད་གནས་ནང་ཚོགས་ཆེན་དེ་བཞིན་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་གནང་འོས་མ་མཆིས་པར་དངོས་གཞི་འོས་བསྡུ་མ་གྲུབ་བར་ཕར་འགྱངས་དགོས་པའི་བཀོད་ཁྱབ་སོང་བ་ལྟར། བདེ་སྲུང་ལས་ཁུངས་ནས་དང་ལེན་གྱིས་ཚོགས་ཆེན་ཕྱིར་འགྱངས་གནང་བ་བྱུང་ཡོད་ཅེས་བརྗོད།
༥ བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༡ ཉིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཞིག་བཞུགས་སྒར་རྡ་རམ་ས་ལ་ཚོགས་གཏན་འཁེལ་བའི་ཐོག་སྤྱི་འཐུས་ཚོགས་གཙོ་དང་སྲིད་སྐྱོང་གཉིས་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་འཆར་གྱི་གནས་ཚུལ་ཤེས་རྟོགས་བྱུང་སྐབས། འདི་ནས་འབྲེལ་ཡོད་བརྒྱུད་འོས་བསྡུ་ཆེན་མོའི་ལས་རིམ་སྐབས་སྤྱི་འཐུས་ཚོགས་གཙོ་དང་སྲིད་སྐྱོང་རྣམ་གཉིས་ཚོགས་ཆེན་དེར་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་མི་དགོས་པའི་ལམ་སྟོན་གནང་ཡོད་པ་བརྗོད།
༦ ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༧ ཉིན་འབྲས་སྤུངས་བླ་སྤྱི་ནས་གཞུང་བསྟེན་དགྲ་ལྷ་གནང་ཆུང་ཆོས་རྒྱལ་ཆེན་པོའི་སྤྱན་འདྲེན་ཞུས་སྐབས་ཀྱི་བཀའ་ལུང་དང་འབྲེལ་བོད་ཀྱི་རླུང་འཕྲིན་ཁང་ནས་སྐུ་ཞོགས་རྡོ་རྗེ་ལ་ཟླ་༡༢ ཚེས་༣༠ ཉིན་བཅར་འདྲི་ཞུས་པའི་ལན་འདེབས་སུ། གཞུང་བསྟེན་དགྲ་ལྷའི་བཀའ་ལུང་ཇི་བཞིན་འགྲེལ་བརྗོད་གནང་འོས་གནང་ཡོད་ཀྱང་། ཕྱི་ལོ་༢༠༢༥ དང་༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར་ཁོང་ནས་འཕྲོས་བཤད་ཀྱིས་ཆབ་སྲིད་དང་འབྲེལ་བའི་བཀའ་མོལ་མང་དག་གནང་ཐལ་གྱི་རྐྱེན་པས་སྤྱི་ཚོགས་འཁྲུག་གཞི་དང་། འོས་བསྡུའི་ལས་རིམ་ལ་དོ་ཕོག་འགྲོ་ཉེན་ཡོད་པར་སོང་། བཙན་བྱོལ་བོད་མིའི་འོས་བསྡུ་སྒྲིག་གཞི་དང་། རྩ་འཛིན་ལམ་སྟོན་བཅས་འགལ་འཛོལ་བྱུང་བའི་ཁོང་ལ་ཉེན་བརྡ་བཏང་ཡོད་ཅེ་གསལ་བཤད་གནང་སོང་།

༧ སྤེལ་ཀོབ་ལུགས་བསམ་གཞིས་མི་ངག་དབང་བློ་གྲོས་(ཨེམ་རྗེ་རྟ་ར)ནས་ཕྱི་ལོ་༢༠༢༥ ཟླ་བ་༡༡ ཚེས་༢ ཉིན་རང་གི་སྤྱི་ཚོགས་དྲྭ་རྒྱ་(YouTube,DrTara Tibet Medicine)ཞེས་པའི་ནང་དུ་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལ་སྒྲོ་བཏགས་དང་གཞི་མེད་སྐྱོན་འཛུགས་བྱས་པར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་བཞི་པའི་ནང་གསེས་༣ དང་༡༡ དང་འགལ་འཛོལ་བྱུང་བ་ར་འཕྲོད་ཀྱིས་སྒྲིག་གཞི་དོན་ཚན་ཉེར་ལྔ་པའི་ནང་གསེས་༣ དང་༡༡ དགོངས་དོན་ལྟར་ཕྱི་ལོ་༢༠༢༦ ཟླ་༡ ཙེས་༢༧ ནས་ལོ་བརྒྱད་རིང་གཞུང་འབྲེལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུའི་ཐག་གཅོད་ཞུས་པའི་བཅད་ཁྲ་སྙན་སྒྲོན་གནང་སོང་།།

གསར་འགོད་པ། བསོད་ནམས་ཕུན་ཚོགས།