འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག

ཟླ་འདིའི་ཚེས་༢༨ ཉིན་གྱི་ཕྱི་དྲོ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་༣༢༤ པའི་ཐོག ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྒྲོལ་མ་གླིང་གི་དཔེ་འཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་སྤྱི་ཟུར་བསོད་ནམས་རྒྱལ་མཚན་གཉིས་འོས་བསྡུའི་འགན་འཛིན་ལས་འཕར་དུ་སྤྱི་མོས་ཐོག་བདམས་ཐོན་གྱིས་བསྐོ་གཞག་བྱུང་བའི་གསལ་བསྒྲགས་གནང་འདུག

དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བརྒྱད་པ། དོན་ཚན་ (༩༧) ནང་གསེས་ (༢) པའི་ “ཀ” ནང་། “སྲིད་སྐྱོང་དང༌། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་དབུས་འོས་བསྡུ་ལས་ཁང་ལ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། ཡང་ན་ཚོགས་ཆུང་དེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། རྩིས་ཞིབ་སྤྱི་ཁྱབ་གཉིས་ལ་ཞོར་ལྕོགས་སུ་རྒྱབ་གཉེར་གནང་ན་སྤྱི་འཐུས་ལྷན་ཚོགས་སུ་མང་མོས་ཐག་གཅོད་བྱུང་ཚེ་དེ་དོན་བྱེད་འཐུས།” དང་། “ཁ” ཡི་དགོངས་དོན། “གལ་ཏེ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ། གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།” ཞེས་པའི་ཆ་རྐྱེན་འོག་འདེམས་སྒྲུག་ཚོགས་ཆུང་ནས་འོས་བསྡུའི་འགན་འཛིན་ལས་འཕར་འོས་དམིགས་སུ་སྒྲོལ་མ་གླིང་གི་དཔེ་འཁྲིད་དགེ་རྒན་བདེ་ལེགས་དབང་མོ་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་མི་བསྟན་འཛིན་དོན་ཡོད། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན། སྨན་རྩིས་ཁང་གི་དཔེ་ཐོག་ཞིབ་འཇུག་སྡེ་ཚན་དང་། རྒྱ་ཡིག་སྡེ་ཚན། པར་སྐྲུན་སྡེ་ཚན་བཅས་ཀྱི་འགན་འཛིན་སྨན་རམས་པ་ཆོས་ལོ་ཐར་བཅས་འཆར་འབུལ་བྱུང་བར། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཐོག་སྒྲོལ་མ་གླིང་གི་དཔེ་འཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་རྣམ་གཉིས་འོས་བསྡུའི་འགན་འཛིན་ལས་འཕར་དུ་སྤྱི་མོས་ཀྱིས་བདམས་ཐོན་བསྐོ་གཞག་གནང་ཡོད་པ་རེད།

སྒྲོལ་མ་གླིང་གི་དཔེ་འཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ནི། ཕྱི་ལོ་༡༩༨༡ ཟླ་༦ ཚེས་༧ ཉིན་མདོ་ཁམས་ལི་ཐང་དུ་སྐྱེས་པ་དང་།  སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བསྒྲུབས། ཕྱི་ལོ་༡༩༨༨ ལོར་ལི་ཐང་ནས་ལྷ་སའི་བར་ཕྱག་འཚལ་ཏེ་ལོ་གཅིག་དང་ཕྱེད་ལྷག་འགོར། ལྷ་ས་ཀུ་རུ་ཟམ་ཁར་འབྱོར་དུས་རྒྱ་གཞུང་གི་བཀག་སྟེ་ཁྱེད་ཚོ་ལྷ་སའི་ཇོ་བོ་དང་གདན་ས་ཁག་ལ་མཇལ་མི་ཆོག་ཟེར་ནས་ཉིན་གང་བཀག་པ་དང་། འདྲི་རྩད་མང་པོ་བྱས། ང་ཚོས་ཇོ་བོ་མཇལ་ཆོག་གི་མེད་ན་གངས་རིན་པོ་ཆེ་མཇལ་དུ་འགྲོ་ཡི་ཡིན་ཞེས་པར་དགོང་མོ་ས་རུབ་རྗེས་བཏང་འདུག དེ་ནས་གངས་རིན་པོ་ཆེར་གནས་མཇལ་ཞུས་ཏེ་བལ་ཡུལ་བརྒྱུད་ཕྱི་ལོ་༡༩༩༠ ལོར་ཝ་རཱ་ཎ་སིར་དུས་འཁོར་དབང་ཆེན་སྐབས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ། རྡ་སར་བདེ་འབྱོར་བྱུང་ཞིང་། ཕྱི་ལོ་༡༩༩༣ ལོར་སྒྲོལ་མ་གླིང་དུ་ཞུགས་ཏེ། སློབ་གཉེར་བྱེད་ཞོར་དུ་དགེ་བསྐོས་སོགས་ལས་སྣེ་གང་མང་ཞུས་ཡོད་པ་དང་། སྐབས་གཉིས་པའི་དགེ་བཤེས་མའི་ཡིག་རྒྱུགས་ནང་འཛུལ་ཞུགས་ཀྱིས་ལོ་རིམ་དང་པོའི་གྲུབ་འབྲས་ཨང་གསུམ་པ་དང་། ལོ་རིམ་གསུམ་པ་དང་བཞི་པར་ཨང་རིམ་དང་པོ་སོན་ཏེ་དགེ་བཤེས་མ་ལེགས་ཐོན་བྱུང་། ཕྱི་ལོ་ ༢༠༡༨ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ལོ་གཅིག་རིང་གསང་ཆེན་རྒྱུད་སྡེ་ཁག་ལ་སློབ་གཉེར་གྱིས་གྲུབ་འབྲས་ཨང་རིམ་གསུམ་པ་ཐོབ། གཞན་ཡང་མཁས་པའི་བགྲོ་གླེང་ཁག་ལ་མཉམ་ཞུགས་གང་མང་གནང་ཡོད་པ་མ་ཟད། ད་ལྟ་སྒྲོལ་མ་གླིང་གི་དཔེ་འཁྲིད་དགེ་རྒན་གནང་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ནི། ཕྱི་ལོ་ ༡༩༧༣ ཟླ་ ༢ ཚེས་ ༢༣ ཉིན་ཨ་མདོ་ཁྲི་དག་ཏུ་སྐྱེས་ཤིང་། ལོ་བདུན་ནས་བཟུང་རྒྱ་གཞུང་གིས་བཙུགས་པའི་གཞི་རིམ་སློབ་གྲྭར་འཛུལ་ཞུགས་བྱས་ཏེ་སློབ་གཉེར་བྱས། དེ་ནས་མདོ་སྨད་བྱང་བརྒྱུད་ཀྱི་ཆོས་གྲྭ་ཆེན་མོ་དྷི་ཚ་རི་ཁྲོད་བཀྲ་ཤིས་ཆོས་ལྡིངས་ཀྱི་ཆོས་སྒོར་ཞུགས་ནས་གཞུང་ཆེན་སྤྱི་དང་། ཐུན་མོང་རིག་གནས་ཀྱི་ཆ་ལ་ནུས་པ་ཅི་ལྕོགས་ཀྱིས་སློབ་གཉེར་གནང་ཡོད། ཕྱི་ལོ་ ༡༩༩༣ ལོར་བལ་ཡུལ་བརྒྱུད་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ཏེ། གསོག་སྒར་སློབ་གྲྭར་ལོ་ངོ་གཅིག་དང་། ཕྱི་ལོ་ ༡༩༩༥ ཟླ་ ༣ ཚེས་ ༢༦ ཉིན་ས་རཱ་མཐོ་སློབ་ཏུ་དམའ་རིམ་དགེ་འོས་སྦྱོང་བརྡར་སྐབས་བཞི་པར་འཛུལ་ཞུགས་ཀྱིས་ལོ་ངོ་གཉིས་རིང་སློབ་གཉེར་གནང་ཞིང་། ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༡༦ ཉིན་ནས་ས་རཱ་མཐོ་སློབ་ཏུ་བོད་ཀྱི་ལོ་རྒྱུས་སློབ་དཔོན་གཞོན་པ་ (Junior Lecturer) དང་། ཕྱི་ལོ་ ༡༩༩༨ ཟླ་ ༨ པ་ནས་སློབ་དཔོན་རྒན་པ། (Senior Lecture) ཕྱི་ལོ་ ༢༠༡༤ ཟླ ༨ ཚེས་ ༡༣ ནས་གཙུག་ལག་སློབ་དཔོན་ (Professor) བཅས་ཀྱི་མཚན་གནས་ཐོག་ས་རཱ་མཐོ་སློབ་ཏུ་སློབ་འཁྲིད་གནང་མུས་དང་། གཞན་ཡང་རྡ་ས་ས་གནས་གྲོས་ཚོགས་སྐབས་བཞི་པའི་ས་འཐུས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་མདོ་སྨད་སྤྱི་འཐུས་ཀྱི་ལས་འགན་བླངས། ད་ལྟ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཡིན་ཞིང་། དེ་བཞིན་རྒྱལ་སྤྱིའི་བོད་རིག་པ་དང་། ན་གཞོན་བོད་རིགས་གཙོས་རྒྱལ་སྤྱིའི་ཤེས་ཡོན་འདུ་འཛོམས་ཁག་ཅིག་ལ་འཛུལ་ཞུགས་གནང་མྱོང་བ་མ་ཟད། ལ་དྭགས་མཚན་ཉིད་སློབ་གྲྭ་དང་། ཝར་ཎ་མཐོ་སློབ། ཏཱ་ལའི་བླ་མའི་མཐོ་སློབ་བཅས་སུ་དུས་ཡུན་རིང་ཐུང་ཅི་རིགས་ཀྱིས་གདན་ཞུའི་སློབ་དཔོན་གྱི་མཚན་ཐོག་ནས་སློབ་འཁྲིད་གནང་། དེ་བཞིན་རྫོང་སར་བཤད་གྲྭ་དང་། ས་སྐྱ་ངོར་གསང་ཆེན་རྒྱུད་གྲྭ་གཉིས་སུ་དུས་ཡུན་རིང་ཐུང་ཅི་རིགས་ཀྱི་སྒོ་ནས་བོད་ཀྱི་རིག་གནས་སློབ་ཁྲིད་གནང་ཡོད་པ་བཅས། །

གསར་འགོད་པ་ཆོས་ཉིད་འོད་ཟེར།