བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༤༢ ཕྱི་ལོ་ ༢༠༢༠/༠༢/༢༤
དབུས་འོས་བསྡུའི་འགན་འཛིན་རྣམ་པས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིའི་གསལ་བསྒྲགས་སྤེལ་སྐབས། རང་ལོ་༡༨ ཧྲིལ་པོ་གསར་དུ་སོན་པ་རྣམས་ལས་གཞན་དངོས་གཞིའི་འོས་བསྡུའི་སྔོན་ལ་བསྐྱར་དུ་དེབ་སྐྱེལ་གྱི་གོ་སྐབས་གནང་རྒྱུ་མིན་པ་དང་། འོས་བསྡུའི་འགན་འཛིན་གྱིས་དེ་ལ་བརྟེན་ནས་”གནས་ཚུལ་གོ་ཡ་བྱས་ན་མ་འོངས་པར་འོས་བསྡུའི་གནས་སྟངས་ཀྱི་ཐོག་ལ་བརྡབ་གསིག་འགྲོ་མི་སྲིད་པ་མ་རེད་བཞག་”ཅེས། དེའི་རྒྱབ་ལྗོངས་སུ་གནས་ཚུལ་ཞེད་སྣང་ཚ་པོ་ཞིག་ཡོད་པ་ལྟ་བུའི་རྣམ་འགྱུར་ཡང་བསྟན་སོང་། ད་བར་དངོས་གཞིའི་འོས་བསྡུའི་སྔོན་ཙམ་ལ་བསྐྱར་དུ་དེབ་སྐྱེལ་གྱི་གོ་སྐབས་སྤྲོད་སྲོལ་ཡོད་པ་དང་། དེ་ལ་བརྟེན་ནས་མི་མང་པོ་ཞིག་ལ་གོ་སྐབས་ཐོབ་ཐུབ་ཀྱི་ཡོད། དཔྱ་ཁྲལ་ལག་དེབ་རྫུན་མ་དང་། དཔྱ་དངུལ་འབུལ་ཆད་མེད་ན་དངོས་གཞིའི་འོས་བསྡུའི་སྔོན་དེབ་སྐྱེལ་གྱི་གོ་སྐབས་མ་སྤྲད་པར་རྒྱུ་མཚན་གང་ཡང་མེད་པ་མ་ཟད། གཡོ་སྒྱུ་ཁྲམ་གསུམ་དང་འབྲེལ་བའི་གནས་སྟངས་རིགས་ཡོང་རྒྱུའི་ཉེན་ཁ་ཡོད་ན་སྟངས་འཛིན་ཐུབ་དགོས་པ་དེ་ཡང་དབུས་དང་ས་གནས་འོས་བསྡུ་ལས་ཁང་གི་ལས་འགན་རེད།
ལྷག་པར་དུ་སྔོན་མ་འོས་བསྡུའི་དེབ་སྐྱེལ་ཡོད་པ་གང་ཞིག་ལ་ད་ལོ་བསྐྱར་དུ་འོས་བསྡུའི་དེབ་སྐྱེལ་སྐབས་འཚེམ་ལུས་སུ་གྱུར་པ་ལྟ་བུ་ཡིན་ན། དེ་དག་ལ་འོས་བསྡུ་ལས་ཁང་རང་ནས་འགན་ཁུར་ཏེ་དངོས་གཞིའི་འོས་བསྡུའི་སྔོན་ལ་ངེས་པར་དུ་དེབ་སྐྱེལ་བྱ་རྒྱུའི་གོ་སྐབས་གནང་དགོས་པ་ཞིག་རེད། དེའི་རྒྱུ་མཚན་ནི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན་བཞིན་འོས་བསྡུའི་དེབ་སྐྱེལ་ཐེངས་གཅིག་བྱས་ན། མི་ཚེ་གཅིག་ལ་བསྐྱར་དུ་དེབ་སྐྱེལ་བྱེད་མི་དགོས་པའི་ཟབ་སྦྱོང་སྔ་རྗེས་སུ་སྤྲད་པ་དེ། མི་མང་པོའི་སེམས་ནང་དུ་འཇགས་ཡོད། དོན་དངོས་སུ་ད་ལོ་འོས་བསྡུ་ལས་ཁང་ནས་བསྐྱར་དུ་ཆ་ཚང་ལ་དེབ་སྐྱེལ་བྱེད་དུ་བཅུག་པར་རྒྱུ་མཚན་མེད་པ་ཞིག་མིན་ནའང་། འོས་བསྡུའི་སྒྲིག་གཞི་དང་དངོས་སུ་འགལ་ཡོད། འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་གཅིག་པའི་ནང་གསེས་(༢) “ས་གནས་འོས་བསྡུ་ལས་ཁང་ནས་ཁྱབ་ཁོངས་སོ་སོའི་འོས་འཕེན་པའི་མིང་གཞུང་མ་དེབ་ལ་སྣོན་འཕྲི་དག་བཤེར་བྱེད་པ་ལས། འོས་བསྡུའི་སྐབས་རེ་རེར་དེབ་སྐྱེལ་བསྐྱར་དུ་བྱེད་མི་དགོས།”ཞེས་པར་འགྱུར་བ་གང་ཡང་སོང་མེད།
འོས་བསྡུའི་སྒྲིག་གཞིའི་ནང་“འོས་བསྡུའི་སྐབས་རེ་རེར་དེབ་སྐྱེལ་བསྐྱར་དུ་བྱེད་མི་དགོས།”ཞེས་སྒྲིག་གཞིའི་ནང་ཡོད་བཞིན་དུ། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་༢༠༢༠ ཟླ་༨ ཚེས་༥ འཁོད་པའི་གསལ་བསྒྲགས་ནང་། “བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༡༧།༡༨།༢༠།༢༡ བཅས་ཀྱི་ནང་གསལ་ལྟར་འོས་འཕེན་པའི་མིང་གཞུང་དེབ་འགོད་ཞུ་ཕྱོགས་ཐད། སྒྲིག་གཞི་བསྐྱར་བཅོས་དགོངས་དོན་དང་། བསྐྱར་བཅོས་ཚོགས་ཆུང་གི་རྒྱབ་གཉེར། དུས་ཀྱི་དགོས་མཁོ་སོགས་ལ་གཟིགས་ཏེ་འོས་བསྡུའི་དེབ་སྐྱེལ་གསར་དུ་ཞུ་གཏན་འཁེལ་བ་ཡིན་ན།”ཞེས་བཀོད་འདུག དོན་དངོས་སུ་འོས་བསྡུའི་སྐབས་རེ་རེར་དེབ་འགོད་བསྐྱར་དུ་དགོས་མིན་དེ་སྒྲིག་གཞིའི་དོན་ཚན་༢༡ པའི་ནང་གསེས་(༢) པ་ཁོ་ན་དང་འབྲེལ་བ་ཡོད། ད་དུང་གོང་གསལ་བཞིན་དོན་ཚན་འདིར་བསྐྱར་བཅོས་གཏན་ནས་སོང་མེད་པ་དང་། བསྐྱར་བཅོས་ཚོགས་ཆུང་ནས་ཀྱང་གནད་དོན་འདིིའི་ཐོག་རྒྱབ་གཉེར་གང་ཡང་གནང་མི་འདུག། དུས་ཀྱི་དགོས་མཁོ་གསུངས་པ་དེ་ནི་འོས་བསྡུ་ལས་ཁང་གི་རྒྱུ་མཚན་ངོ་མ་དེ་ཡིན་སྲིད།
དེའི་སྐོར་གསལ་ཙམ་ས་གནས་དྷ་རམ་ས་ལར་དཔེ་བཞག་ནས་བཤད་ན་དེབ་འགོད་ནང་མི་འབོར་ཧ་ཅང་མང་པོ་ཡོད་ནའང་། དངོས་སུ་འོས་འཕེན་སྐབས་ཆ་ཤས་ལེན་མཁན་དེ་ཙམ་མང་པོ་མེད། དེའི་རྒྱུ་མཚན་ནི་ཤེས་རབ་དགའ་ཚལ་སློབ་གླིང་ལ་མཚོན་ན་སློབ་ཕྲུག་མང་སྐབས་༧༠༠ ནས་༨༠༠ ཙམ་ཡོད་པའི་དུས་ཚོད་བྱུང་མྱོང་ལ། ད་ལྟའི་ཆར་ཉི་ཤུ་རྩ་གྲངས་ལས་མེད། སློབ་གྲྭ་དེའི་སློབ་མ་རྣམས་རང་ལོ་༡༨ བརྒལ་ཟིན་པ་ཤ་སྟག་ཡིན་པས་དེབ་སྐྱེལ་གྱི་མིང་གཞུང་དུ་འཁོད་ཡོད་ལ། དེའི་ནང་གི་མི་ཕལ་ཆེ་བ་ད་ལྟའི་ཆར་དྷ་སར་ཡོད་མཁན་ཧ་ཅང་ཉུང་ཉུང་རེད། སྡེ་ཚན་འདི་དཔེ་མཚོན་ཙམ་ཡིན་པ་ལས་དྷ་རམ་ས་ལར་མཚོན་ན་མི་འབོར་ལ་འགྱུར་བ་ཧ་ཅང་ཆེན་པོ་སོང་ཡོད་ཀྱང་མ་དེབ་ནང་རང་འཇགས་ཡོད། ད་དུང་སྔོན་མ་དྷ་སའི་འོས་བསྡུའི་དེབ་འགོད་ཀྱི་མིང་གཞུང་ནང་ཡོད་པ་གང་ཞིག་ད་ལྟའི་ཆར་ཧྥ་རན་སི་ལྟ་བུ་ཕྱི་རྒྱལ་གྱི་མིང་གཞུང་ནང་ཡོད་མཁན་ཡང་ཉུང་ཉུང་མིན་ལ། ས་གནས་གཞན་ཡང་གཅིག་མཚུངས་ཡིན་པས་འོས་འཕེན་པ་དང་དེབ་འགོད་ཀྱི་བར་དུ་སྟོང་ཆ་ཆེན་པོ་ཡོད་པའི་རྒྱུ་མཚན་གཙོ་བོ་དེ་ལ་ཐུག་ཡོད།
མདོར་ན་འོས་བསྡུའི་སྒྲིག་གཞིའི་ནང་“འོས་བསྡུའི་སྐབས་རེ་རེར་དེབ་སྐྱེལ་བསྐྱར་དུ་བྱེད་མི་དགོས།”ཞེས་ཁ་གསལ་པོ་བཀོད་ནས་བཀག་བཞག་པ་དང་མ་བསྟུན་པར། གོང་དུ་གསལ་བའི་རྒྱུ་མཚན་དེ་ལྟ་བུར་དམིགས་ནས་འོས་བསྡུ་ལས་ཁང་ནས་བསྐྱར་དུ་དེབ་འགོད་བྱེད་དུ་བཅུག་པ་དང་། གལ་སྲིད་སྔོན་མ་དེབ་འགོད་ཡོད་ཀྱང་ད་ལོ་བྱེད་ཐུབ་མེད་མཁན་ཡོད་ཚེ་དངོས་གཞིའི་འོས་བསྡུའི་སྐབས་འོས་བསྡུ་ལས་ཁང་ནས་བསྐྱར་དུ་འོས་བསྡུའི་དེབ་སྐྱེལ་བྱ་རྒྱུའི་གོ་སྐབས་མ་སྤྲད་པ་ནི། འོས་བསྡུའི་སྒྲིག་གཞིའི་དགོངས་དོན་དང་འགལ་བ་དང་། འོས་འཕེན་པ་དེ་དག་གི་ཐོབ་ཐང་ལ་དོ་ཕོག་བཏང་བ་ཞིག་ཏུ་གྱུར་ཡོད། དངོས་གཞིའི་འོས་བསྡུའི་སྐབས་བསྐྱར་དུ་འོས་བསྡུའི་དེབ་སྐྱེལ་གྱི་གོ་སྐབས་མ་སྤྲད་ན། སྔོན་མ་དེབ་སྐྱེལ་ཡོད་པ་དེའི་ཐོག་ནས་འོས་འཕེན་དུ་འཇུག་དགོས་པ་ཞིག་རེད། འོས་བསྡུ་ལས་ཁང་དེ་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་ནའང་། འོས་བསྡུའི་སྒྲིག་གཞིའི་ནང་ཁ་གསལ་པོ་ཡོད་བཞིན་དུ་དེ་དང་མ་བསྟུན་པར་ཐག་གཅོད་གནང་བ་དེ་སྒྲིག་གཞི་དང་འགལ་བ་མ་རེད་ཅེས་ཤོད་ཐུབ་མཁན་སུ་གཅིག་མེད་ངེས་རེད།།