འོས་བསྡུའི་རྩོད་རྙོག་དང་འབྲེལ་ནས་ཁེར་གྷི་སེ་ཐན་གྱི་སྲིད་བློན་རྩ་དགོངས་ཞུས་འདུག
ཁེར་གྷི་སེ་ཐན་གྱི་གྲོས་ཚོགས་འོས་བསྡུའི་གྲུབ་འབྲས་དེ་རྫུན་བཟོ་ཡིན་པའི་ཉེས་འཛུགས་འོག མི་མང་གིས་ངོ་རྒོལ་ཆེན་པོ་བྱས་རྐྱེན། རྒྱལ་ཁབ་དེའི་སྲིད་བློན་རྩ་དགོངས་ཞུས་འདུག་པ་དང་། དབུས་འོས་བསྡུ་ལས་ཁང་གིས་འོས་བསྡུའི་གྲུབ་འབྲས་རྩིས་མེད་བཏང་འདུག
ཟླ་༡༠ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། མི་མང་སྟོང་ཕྲག་མང་པོས་ཁེར་གྷི་སེ་ཐན་གྱི་གྲོས་ཚོགས་འོས་བསྡུའི་གྲུབ་འབྲས་དེ་རྫུན་བཟོ་ཡིན་པ་དང་གྲུབ་འབྲས་དེ་རྩིས་མེད་ཀྱིས། འོས་བསྡུ་བསྐྱར་དུ་བྱེད་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཁར། ཕྱོགས་འགལ་སྲིད་དོན་ཚོགས་པ་ཚོས་ཀྱང་གྲུབ་འབྲས་ངོས་འཛིན་མེད་པ་གསལ་བསྒྲགས་བྱས་རྗེས། རྒྱལ་ཁབ་དེའི་དབུས་འོས་བསྡུ་ལས་ཁང་གིས་འོས་བསྡུའི་གྲུབ་འབྲས་རྩིས་མེད་བཏང་འདུག གནད་དོན་དེ་དང་འབྲེལ་ནས་རྒྱལ་ཁབ་དེའི་སྲིད་བློན་(Kubatbek Boronov) ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་དང་། དེ་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོས་ཀྱང་རྩ་དགོངས་ཞུས་པ་མ་ཟད། གྲོང་ཁྱེར་དང་ཁུལ་ཁག་ཅིག་གི་སྤྱི་ཁྱབ་དཔོན་རྣམས་ཀྱིས་ཀྱང་རྩ་དགོངས་ཞུས་འདུག
གྲོས་ཚོགས་ཀྱི་ཛ་དྲག་ཚོགས་འདུ་སྐབས་སུ། ཉིན་ཤས་སྔོན་ངོ་རྒོལ་ལས་འགུལ་བ་ཚོས་བཙོན་ཁང་ནས་གློད་གྲོལ་བཏང་བའི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཞིག་གི་འགོ་ཁྲིད་(Sadyr Zhaparov) སྲིད་བློན་ལས་ཚབ་ཏུ་བསྐོ་གཞག་བྱས་འདུག
ད་ལྟའི་ཆར་ཕྱོགས་འགལ་སྲིད་དོན་ཚོགས་པ་༡༣ གྱི་རུ་ཁག་གཅིག་གསར་འཛུགས་ཀྱིས། ད་ལྟའི་སྲིད་དོན་དཀའ་རྙོག་དེ་ལས་ཐར་ཐབས་ཀྱི་ལམ་ཁ་ཞིག་བཙལ་བའི་འགན་ཁུར་བྱས་འདུག
དེ་ཡང་༡༠ པའི་ཚེས་༤ ཉིན་ཁེར་གྷི་སེ་ཐན་(Kyrgyzstan) ནང་དུ་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱས་ཡོད་པ་དང་། འོས་བསྡུའི་གྲུབ་འབྲས་སུ་སྲིད་དོན་ཚོགས་པ་༡༦ ནས་ཚོགས་པ་༤ ལ་མ་གཏོགས་གྲོས་ཚོགས་ནང་ཞུགས་ཆོག་པའི་དགོས་ངེས་ཀྱི་འོས་གྲངས་ཐོབ་མེད་འདུག སྲིད་དོན་ཚོགས་པ་༤ ཡི་ནང་ནས་གཉིས་ནི་ལས་ཁུར་སྲིད་འཛིན་དང་འབྲེལ་བ་དམ་ཟབ་ཡོད་མཁན་ཡིན་ཁར། དེ་གཉིས་ལ་འོས་གྲངས་བརྒྱ་ཆ་༥༠ ཐོབ་ཡོད་འདུག་པས། ཚེས་༥ ཉིན་མི་མང་སྟོང་ཕྲག་མང་པོས་འོས་བསྡུའི་གྲུབ་འབྲས་དེ་ནི་རྫུན་བཟོ་ཡིན་པ་དང་། གྲུབ་འབྲས་དེ་རྩིས་མེད་བཏང་ནས་འོས་བསྡུ་བསྐྱར་དུ་བྱེད་དགོས་པའི་དགོས་འདུན་བཏོན། ལས་ཁུར་སྲིད་འཛིན་(Jeenbekov) ཡིས་འོས་བསྡུ་དྲང་བདེན་ཡིན་པ་ཁས་ལེན་བྱས་ཡོད་ཀྱང་། དེ་ལྟར་བྱུང་མེད་པར་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་ནས་རྒྱལ་སར་ངོ་རྒོལ་ལས་འགུལ་ཆེན་མོ་སྤེལ་ནས། ཕྱོགས་འགལ་སྲིད་དོན་ཚོགས་པ་༡༢ ཀྱིས་འོས་བསྡུ་གྲུབ་འབྲས་དེར་ངོས་ལེན་མེད་པའི་གསལ་བསྒྲགས་བྱས་ཡོད་པ་རེད།
ཐེངས་འདིའི་འོས་བསྡུར་ཕྱོགས་འགལ་སྲིད་དོན་ཚོགས་པ་མང་པོ་ཞིག་གིས། གྲོས་ཚོགས་འོས་མི་ལོ་གཞོན་པ་མང་པོ་ཞིག་བཏོན་ཡོད་འདུག་པ་དང་། མི་མང་ཚོས་ཀྱང་རྒྱལ་ཁབ་དེར་འགྱུར་ལྡོག་བཟང་པོ་ཞིག་འགྲོ་རྒྱུར་རེ་བ་བྱས་ཡོད་ཀྱང་། འོས་བསྡུའི་གྲུབ་འབྲས་སུ་ཕྱོགས་འགལ་ཚོགས་པ་གཅིག་ལ་ཡང་གྲོས་ཚོགས་ཀྱི་རྐུབ་སྟེགས་ཐོབ་མེད་པས། མི་མང་གིས་གྲུབ་འབྲས་དེ་རྫུན་བཟོ་ཡིན་པ་ངོས་འཛིན་གྱིས་ངོ་རྒོལ་ཆེན་པོ་བྱས་འདུག
འོས་བསྡུ་དེ་ཡང་རྒྱལ་ཁབ་དེའི་ནང་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་དཔལ་འབྱོར་དང་ནད་དུག་གི་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང་། གཞུང་གིས་གནས་སྟངས་དེ་སྟངས་འཛིན་ཡག་པོ་བྱེད་ཐུབ་ཀྱི་མེད་པའི་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་པའི་སྐབས་སུ་གོ་སྒྲིག་བྱས་ཡོད་པ་རེད་འདུག
ལས་ཁུར་སྲིད་འཛིན་གྱིས་རྩ་དགོངས་ཞུ་རྒྱུའི་རྣམ་པ་གང་ཡང་བསྟན་མེད་ཁར། མི་མང་ཚོར་ཞི་འཇམ་དགོས་པའི་འབོད་སྐུལ་བྱས་འདུག་པས། མི་མང་པོ་ཞིག་གིས་ཁོས་སྲིད་དབང་བཟུང་བའི་དུས་ཡུན་རྫོགས་ལ་ཉེ་བ་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།