ཡང་སྲིད་ངོས་འཛིན་པའི་གཡོ་སྒྱུ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༥༢ ཕྱི་ལོ་ ༢༠༡༥/༧/༢༢
སྤྲུལ་སྐུའི་ལམ་ལུགས་བརྟེན་ནས་བོད་ལ་བཟང་ཕྱོགས་ནས་བསྟན་འགྲོར་ཕན་ཐོགས་རྒྱ་ཆེན་པོ་བྱུང་ཡོད་ལ། ངན་ཕྱོགས་ནས་ཤུགས་རྐྱེན་ཐེབས་པའང་མི་ཉུང་བ་ཞིག་བྱུང་ཡོད། སྤྲུལ་སྐུ་འཚོལ་བའི་དམིགས་ཡུལ་དང། ཐབས་ཤེས། དགོས་མཁོ་སོགས་མི་འདྲ་ལ། མང་པོ་ཞིག་ནི་དད་འདུན་ཁོ་ན་ལས་གཞན་པའི་དམིགས་ཡུལ་དང་རྒྱབ་ལྗོངས་གང་ཡང་མེད། ཁག་ཅིག་གིས་རྒྱུ་ནོར་གྱི་དགོས་མཁོ་ལ་ཁོ་ན་ལ་བརྟེན་ནས་ཡང་སྲིད་འཚོལ་སྒྲུབ་བྱེད་མཁན་ཡང་བྱུང་དང་འབྱུང་བཞིན་ཡོད་ལ། ཁག་ཅིག་གིས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་མཁན་ཡང་བྱུང་ཡོད། དེ་བཞིན་བོད་པའི་སྤྱི་ཚོགས་ནང་”མ་ཁ་མཁས་མས་བུ་སྤྲུལ་སྐུ”བཟོས་པའི་ལོ་རྒྱུས་ཤིན་ཏུ་མང་པོ་ཡོད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་དང། གནས་ཚུལ་འདི་དག་གི་ཐོག་ནས་བཤད་ན་ནོར་འཁྲུལ་ཆེ་ཤོས་ནི་ཤེས་བྱའི་ཆོས་ཕྲ་རགས་ཐམས་ཅད་ལག་མཐིལ་དུ་གཟིགས་པ་ལྟ་བུའི་མངོན་མཁྱེན་ལ་ཐོགས་པ་མེད་པ་དག་གིས། མཁྱེན་བཞིན་དུ་རྫུན་གྱི་འཁོར་ལོ་ལུ་གུ་རྒྱུད་དུ་སྐོར་བཞིན་པའི་ཡང་སྲིད་འཚོལ་མཁན་དག་ལ་རྒྱབ་སྐྱོར་གནང་བ་དེ་རེད།

གནའ་བོའི་དུས་ནས་རྩོད་རྙོག་དེ་ལྟ་བུ་བྱུང་མྱོང་ཞིང། དཔེར་ན་པཎ་ཆེན་བློ་བཟང་རྒྱན་གྱིས་ཨ་ཅག་ལགས་ཅིག་གི་ཞུ་བབས་ལ་བརྟེན་ནས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་པཎ་ཆེན་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་དུ་རྫུན་བཟོ་བྱས་པ་ལྟ་བུ་ཡོངས་གྲགས་སུ་གསུང་མཁན་མང་པོ་ཡོད་པ་བཞིན། དད་པ་དང་ཡིད་ཆེས་ཀྱིས་ཕྱུག་པའི་གནའ་བོའི་དུས་སུ་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ཚད་ལྡན་བྱུང་དང་མ་བྱུང་གི་ཐོག་ནས་རྩོད་རྙོག་མང་པོ་བྱུང་ཡོད་ལ། ད་ལྟའི་དུས་འདིར་རྒྱུ་ནོར་དང་དབང་ཆ་ཁོ་ན་ལས་བསམ་རྒྱུ་མེད་མཁན་ཚོས་རང་ཉིད་ཀྱིས་ཡིག་ཆ་སྣ་ཚོགས་རྫུན་བཟོ་བྱས་ནས་ཆོས་བརྒྱུད་སོ་སོའི་བླ་སྤྲུལ་རྣམས་མགོ་སྐོར་གཏོང་ཐབས་བྱེད་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་སྐོར་ཞུ་རྒྱུར་ཡང་འཛེམས་ཟོན་གཏན་ནས་མེད་པའི་མི་སྣ་མང་པོ་ཞིག་ཡོང་བཞིན་པ་ནི། ཆོས་ཕྱོགས་ནས་བཤད་ན་ལས་རྒྱུ་འབྲས་ལ་སེམས་གཏིང་ནས་ཡིད་ཆེས་མེད་པ་དང། ༧གོང་ས་མཆོག་དང་བླ་ཆེན་དག་ལ་ཡིད་ཆེས་དང་དད་པ་གཏན་ནས་མེད་པའི་མངོན་རྟགས་གསལ་པོར་གྱུར་པ་རེད།

དེང་དུས་གནའ་བོའི་དུས་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ཀྱི་ལམ་ལུགས་བཞིན་མ་བསྒྲུབས་པར་ཐོག་མ་འབྲེལ་བ་ཆེན་པོ་ཡོད་པའི་བླ་མ་ཞིག་གི་མདུན་ནས་འབྲེལ་ལམ་ལ་བརྟེན་ནས་ཡི་གེ་ཞིག་དངོས་སུ་ཞུ་བའམ། ཡང་ན་བླ་མ་ཞིག་གི་མཚན་ཐོག་ནས་ཡི་གེ་ཞིག་རྫུན་བཟོ་བྱས། དེ་ནས་རིམ་པས་གནས་ཚད་མཐོ་རུ་མཐོ་རུ་བཏང་ནས་ཡིག་ཆ་ཞུས་ཏེ་མཐར་ཐུག་༧གོང་ས་མཆོག་གི་སྐུ་མདུན་ནས་ཕྱག་ཡིག་ཞུ་ཐབས་བྱེད་བཞིན་ཡོད། ༧གོང་ས་མཆོག་གིས་དབུས་བླ་ཆེན་དག་གིས་སྔ་མ་སྔ་མ་བཞིན་གནང་བའི་ཡིག་ཆ་དེ་ལ་ཡིད་ཆེས་སམ། ཡིག་ཆ་གནང་མཁན་བླ་མ་དག་གི་ངོ་སྲུང་བ་ལྟ་བུའི་ཐོག་ནས་ཡིག་ཆ་གནང་སྲོལ་འདི་ཡང་ཡོངས་ཁྱབ་རང་བཞིན་ཞིག་ཏུ་གྱུར་ཡོད། དེ་ལྟ་བུའི་ལམ་ཁ་བརྒྱུད་ནས་སྤྲུལ་སྐུའི་མཚན་ཙམ་རག་པ་དག་སྐུ་གོང་མའི་ཡང་སྲིད་མིན་ཡང། སྤྱི་ཚོགས་ནང་རྩོད་རྙོག་གང་ཡང་མེད་ན་སྐྱོན་ཆེན་པོ་དེ་ཙམ་མེད། འོན་ཀྱང་སྤྱི་ཚོགས་ཁྱོན་ཡོངས་དང། འབྲེལ་ཡོད་ཆོས་བརྒྱུད། འབྲེལ་ཡོད་དགོན་པ་བཅས་སུ་རྩོད་རྙོག་ཡོང་གི་ཡོད་ན་དེ་ནི་ཧ་ཅང་གནོད་ཚབས་ཆེན་པོ་ཞིག་ཏུ་གྱུར་ཡོད།

ཡང་སྲིད་རྩད་འཚོལ་བྱེད་མཁན་དག་གི་ངོས་ནས་ཇི་ལྟར་རྫུན་བཟོ་བྱས་པའི་གནས་ཚུལ་དང་རྒྱབ་ལྗོངས་གསལ་པོ་ཤེས་མཁན་མང་པོ་ཞིག་གིས། ༧གོང་ས་མཆོག་གིས་དབུས་བླ་ཆེན་དག་གིས་ཀྱང་གཞན་གྱིས་རྫུན་བཟོ་བྱས་པར་ངོས་འཛིན་ནམ་རྒྱབ་གཉེར་ཕྱག་ཡིག་གནང་བའི་སྐབས་སུ་ཡང་སྲིད་དེ་དག་ལ་ཡིད་མི་ཆེས་པ་མ་ཟད། རིམ་པས་རྒྱབ་གཉེར་གནང་མཁན་རྣམས་ལའང་ཡིད་ཆེས་དང་དད་པ་སྲབ་ཏུ་འགྲོ་བའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད་པ་དེ། མིག་མདུན་གྱི་གནས་ཚུལ་ཛ་དྲག་ཅིག་ཏུ་འགྱུར་བཞིན་པའང་འབྲེལ་ཡོད་དག་གིས་སྤྱི་ཚོགས་ནང་ཞིབ་འཇུག་ཅུང་ཙམ་གནང་ན་གསལ་པོ་ཤེས་ཐུབ་པ་ཞིག་རེད། ད་དུང་སྡུག་ཕྱོགས་ནས་བཤད་ན་རྒྱབ་གཉེར་དེ་དག་ནི་ཆོས་བརྒྱུད་ནང་ཁུལ་དང། དགོན་པ་ནང་ཁུལ། སློབ་ཚོགས་ནང་ཁུལ་ལ་ཆེད་དུ་དཀྲུག་ཤིང་བརྒྱབ་པའམ། རྩོད་རྙོག་ཆེད་བཟོ་བྱས་པར་ངོས་འཛིན་བྱེད་མཁན་ཡང་དེང་སྐབས་ཡོང་གི་ཡོད་པ་ནི། རྒྱལ་བསྟན་ཆབ་སྲིད་གང་ཐད་ནས་བཤད་ཀྱང་མཇུག་འབྲས་ངན་པ་འབའ་ཞིག་ཏུ་འགྱུར་ངེས་ཡིན་པའང་སྨྲོས་མ་དགོས་པ་རེད།

མདོར་ན་སྤྲུལ་སྐུའི་ལམ་ལུགས་མེད་པ་བཟོ་དགོས་ཚུལ་བརྗོད་མཁན་ཡོད་ཀྱང། ལམ་ལུགས་དེ་མུ་མཐུད་དགོས་པའི་བསམ་ཚུལ་བོད་པ་སྤྱི་ཡོངས་ཀྱི་ངོས་ནས་ད་དུང་ཚད་མཐོན་པོ་ཡིན། འོན་ཀྱང་ཡང་སྲིད་ངོས་འཛིན་བྱེད་སྟངས་སྤུས་ཀ་དག་ཏུ་གཏོང་བའམ། ཚད་ལྡན་ཅན་ཞིག་ཏུ་སྒྱུར་མ་ཐུབ་ན་རིམ་པས་སྤྲུལ་སྐུ་ངོས་འཛིན་བྱེད་པ་དེ་ཡང་རྒྱུ་ནོར་འཚོལ་སྒྲུབ་བྱེད་ཐབས་སམ། བླ་བྲང་རྒྱུད་འཛིན་བྱེད་ཆེད་ཙམ་ལས་མཐོང་དང་ཆ་འཇོག་གང་ཡང་མེད་པ་ཞིག་ཏུ་རིང་པོར་མི་ཐོགས་པར་འགྱུར་ངེས་རེད། ནོར་འཁྲུལ་འདི་དག་རྒྱུ་མ་ཕུ་འདེད་བྱས་ན་དང་པོ་མི་བདེན་རྫུན་སྒྲིག་བྱེད་མཁན་སུ་ཡིན་པ་དེ་ནོར་འཁྲུལ་ཆེ་ཤོས་ཡིན་ཡང། བླ་ཆེན་དག་གིས་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བེད་སྤྱོད་མ་བཏང་བར་ཕྱག་ཡིག་གནང་རྐྱང་གནང་པ་དེ་ལའང་ནོར་འཁྲུལ་ཡོད་པ་སྨྲོས་མི་དགོས་པ་རེད། ཅིག་བྱས་ན་བླ་ཆེན་དེ་དག་གི་ཞབས་ཞུ་བ་རེ་ཟུང་གིས་བླ་ཆེན་དག་གི་མཚན་བེད་སྤྱོད་བྱས་པའང་ཡིན་མི་སྲིད་པ་མ་རེད། མདོར་ན་གནས་ཚུལ་འདི་ནི་བོད་པའི་སྤྱི་ཚོགས་ལ་གནོན་སྐྱོན་ཆེན་པོ་ཞིག་ཏུ་འགྱུར་བཞིན་འདུག།།