ཡིག་གཟུགས་ཀྱི་སྒྱུ་རྩལ་ལམ་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་ཆེ་བསྟོད་ཕུལ།

པར་རིས་དང་གནས་ཚུལ་ཡོང་ཁུངས་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་ཞིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ་སྟེ། ཕྱི་ཟླ་༡༢ ཚེས་༡༠ ཉིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་མི་རྣམས་ཀྱིས་རྒྱ་དམར་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་སྟེ་དྲག་གནོན་སོགས་བྱེད་བཞིན་པར་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། དེ་བཞིན་ཐེ་ཝན་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག སྒྱུ་རྩལ་བ་ Ho Tsung-hsun གྱིས་འཇིགས་ཞུམ་མེད་པར་བློས་བཏང་ཞེས་པའི་བརྗོད་གཞིའི་ཐོག་ཡིག་གཟུགས་༡༦༦ འགྲེམས་སྟོན་གནང་འདུག་པ་དང་། དེ་ནི་གཙོ་བོ་བོད་ནང་དུ་རྒྱ་གཞུང་གིས་བཟོད་དཀའ་བའི་དྲག་གནོན་སོགས་ལ་བརྟེན་ནས་གཅེས་པའི་རང་སྲོག་ཀྱང་དོར་དགོས་བྱུང་བའི་བོད་ཀྱི་དཔའ་བོ་དཔའ་མོ་དག་ལ་ཆེ་བསྟོད་དང་དྲན་གསོའི་ཆེད་ཡིན་འདུག སྐུ་ཞབས་ཁོང་གིས་བརྒྱུད་ལམ་ཁག་ཏུ་ཡིག་གཟུགས་ཀྱི་སྒྱུ་རྩལ་དེ་གཞན་ལ་སྐུ་ལུས་ཞུགས་འབུལ་གནང་བར་སྐུལ་མ་གཏོང་ཆེད་མིན་པར། བཟོད་དཀའ་བའི་རྒྱ་གཞུང་གི་དྲག་གནོན་སོགས་ལ་བརྟེན་ནས་རང་ལུས་མེར་སྲེག་གནང་མཁན་བོད་ཀྱི་དཔའ་བོ་དཔའ་མོ་དག་ལ་ཆེ་བསྟོད་མཚོན་ཞིང་། ཡ་ང་བའི་གནས་སྟངས་དེ་དག་མངོན་གསལ་དུ་ཡོང་རྒྱུའི་ཐབས་ཤེས་ཤིག་ཡིན་སྐོར་དང་། བོད་མི་རྣམས་ཀྱིས་རང་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་ཆེད་དུ་ཞུགས་འབུལ་གནང་བའི་བློས་བཏང་དེ་ཉིད། ལོ་རྒྱུས་ཀྱི་ཐོག་ནས་དུས་ནམ་ཡང་གསུབ་ཐབས་མེད་པ་རྒྱ་ནག་གཞུང་ལ་བརྡ་ལན་སྤྲད་ཡོད་པའི་སྐོར་སོགས་གསུངས་འདུག དེ་བཞིན་ཐེ་ཝན་གྱི་མང་གཙོའི་ལས་འགུལ་བ་ཞིག་དང་དཔར་སྐྲུན་པ་སྐུ་ཞབས་ Cheng Nan-jung ལགས་ཀྱིས་ཕྱི་ལོ་ ༡༩༨༩ ལོར་ཐེ་ཝན་ནང་སྨྲ་བརྗོད་ཀྱི་རང་དབང་མེད་པའི་གནད་དོན་འོག་རང་སྲོག་བཅད་པར་བརྟེན་ཐེ་ཝན་ནང་ལོ་ལྟར་ཁོང་ལ་རྗེས་དྲན་ཞུ་བཞིན་ཡོད་སྐོར་དཔེ་མཚོན་དུ་བཀོད་དེ། སྐུ་ལུས་ཞུགས་འབུལ་གནང་བ་ནི་ཆེས་མཐའ་མཇུག་གི་འདམ་ག་ཞིག་ཡིན་ཚུལ་དང་འབྲེལ་ལོ་ངོ་བཅུའི་ནང་བོད་མི་ ༡༦༦ གིས་རང་ལུས་མེར་བསྲེགས་གནང་བ་ནི་ཧ་ལས་ཧོན་ཐོར་དགོས་པ་ཞིག་ཡིན་སྐོར་སོགས་གསུངས་འདུག གཞན་ཡང་། ཐེ་ཝན་བོད་ཀྱི་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཀྱང་སྐུ་ཞབས་ Ho ལགས་ཀྱིས་བྲིས་པའི་ཡིག་གཟུགས་ཀྱི་སྒྱུ་རྩལ་དེས་ཁོང་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་དང་། ལྷག་དོན་རྒྱ་གཞུང་གིས་སྐུ་ལུས་ཞུགས་འབུལ་གནང་མཁན་བོད་མི་དེ་དག་ནི་ཁྱིམ་ཚང་གི་དཀའ་ངལ་དང་དཔལ་འབྱོར། དེ་བཞིན་སེམས་པ་འཁྲུག་པ་སོགས་རྒྱུ་མཚན་དུ་མར་ཁག་དཀྲི་བྱས་ཡོད་ཀྱང་དོན་དམ་ལ་དེ་ལྟར་མིན་པ་དང་ཁོང་རྣམས་ཀྱིས་རང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་དོར་བ་ཞིག་ཡིན་སྟབས། ཁོང་རྣམས་ནི་དཔའ་བོ་དང་དཔའ་མོ་རེད་སོགས་དང་། བོད་ཀྱི་བདེན་དོན་སླད་དུ་རང་གི་ཤིན་ཏུ་གཅེས་པའི་སྲོག་ཀྱང་བློས་བཏང་གནང་བ་ཞིག་མཚོན་གྱི་ཡོད་པ་མ་ཟད། སྐུ་ལུས་ཞུགས་འབུལ་གནང་མཁན་མང་པོས་བོད་ལ་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་ལ་ཕྱིར་ཆིབས་བསྒྱུར་མཛད་རྒྱུ། དེ་བཞིན་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་པ་དང་ཁག་ཅིག་གིས་རང་གི་ལུས་པོའི་ཐོག་བོད་རང་བཙན་ཞེས་ཡི་གེར་བཀོད་ཡོད་པ་སོགས་གསུངས་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།