ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མིས་ཐའེ་ཝན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སུ་འཇུག་དགོས་པའི་ཞུ་ཡིག་ཕུལ་འདུག
ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་དང་དབུ་ཁྲིད་༡༠༠ ལྷག་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་(WHO) ཀྱི་ཚོགས་གཙོར་ཞུ་ཡིག་ཕུལ་ནས་ཕྱི་ཟླ་༡༡ ཚེས་༩ ཉིན་འཚོགས་གཏན་འཁེལ་བའི་ལོ་འཁོར་ཚོགས་ཆེན་ནང་ཐའེ་ཝན་མཉམ་ཞུགས་བྱེད་དུ་འཇུག་རྒྱུའི་དགོས་འདུན་བཏོན་འདུག
ཁ་སང་སྟེ་ཕྱི་ཟླ་༡༡ ཚེས་༡ ཉིན་ཐའེ་ཝན་ཕྱི་སྲིད་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་པའི་ནང་། དེ་ལྟར་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཡུ་རོབ་ཀྱི་རྒྱལ་ཁབ་རྣམས་ལ་བཀའ་དྲིན་ཆེ་ཞུས་འདུག
འདི་ལོར་འཛམ་གླིང་ཁྱོན་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་འགྲུལ་བཞུད་ཀྱི་དཀའ་ངལ་ཚབས་ཆེན་འཕྲད་ཀྱི་ཡོད་སྟབས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་བསྡུས་པ་ཞིག་འདི་ལོའི་ཕྱི་ཟླ་༥ པའི་ནང་དྲ་ཐོག་ཏུ་འཚོགས་ནས་བཞག་པ་དང་། རྒྱས་པ་དེ་བདུན་ཕྲག་རྗེས་མའི་རེས་གཟའ་ཟླ་བ་ནས་སྤེན་པ་བར་ཉིན་དྲུག་རིང་འཚོགས་གཏན་འཁེལ་ཡོད།
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་གཙོ་ཋེ་ཌོར་(Tedros Adhanom Ghebreyesus) ལ་ཕུལ་བའི་ཞུ་ཡིག་དེའི་ནང་། ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་ཚོས་ཐའེ་ཝན་གྱིས་ནད་ཡམས་འགོག་སྲུང་ཐད་ལ་མིག་དཔེར་འོས་པའི་ལས་དོན་བསྒྲུབས་ཡོད་སྟབས། ཐའེ་ཝན་ཅིས་ཀྱང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་ཆེན་དུ་མཉལ་ཞུགས་བྱེད་དུ་འཇུག་རྒྱུའི་དགོས་འདུན་བཏོན་འདུག
ཕྱི་ཟླ་༡༠ ཚེས་༢༢ ཉིན་ཕུལ་བའི་ཞུ་ཡིག་དེར་ཡུ་རོབ་ཀྱི་རྒྱལ་ཁབ་བདུན་གྱི་གྲོས་ཚོགས་འཐུས་མི་དང་དབུ་ཁྲིད་ ༡༠༦ གིས་མཚན་རྟགས་བཀོད་འདུག་ཅིང་། རྒྱལ་ཁབ་བདུན་པོ་ནི་ཆེ་ཁི་སྤྱི་འཐུན་རྒྱལ་ཁབ། (Czech Republic) ཨེ་སི་ཐོ་ནི་ཡ། (Estonia) ཧན་གྷ་རི། (Hungary) ལཱ་ཐི་ཝ། (Latvia) ལཱ་ཐུ་ན་ཡ། (Lithuania) ཕོ་ལན་ཌི། (Poland) སི་ལོ་ཝི་ཁི་ཡ་(Slovakia)བཅས་ཡིན་འདུག
ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་བསྒྲགས་གཏམ་ནང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དུ་ཐའེ་ཝན་མཉམ་ཞུགས་བྱེད་དུ་མི་འཇུག་པ་དེ་ནི་ཐའེ་ཝན་གྱི་མི་མང་ས་ཡ་༢༣ གྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན་པ་དང་། དེས་གོ་ལ་ཡོངས་ཀྱིས་མཉམ་རུབ་ཐོག་ནས་ནད་ཡམས་ལ་འཐབ་རྒོལ་བྱེད་པར་འགོག་རྐྱེན་བཟོ་ངེས་ཞེས་བརྗོད་འདུག
ཕྱི་ལོ་༡༩༧༢ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་(the People’s Republic of China) ཀྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སུ་ཡོད་པའི་རྒྱ་ནག་གི་ཐོབ་སྐལ་རྐུབ་སྟེགས་བཟུང་བ་ནས་བཟུང་། ཕྱི་ལོ་༢༠༠༩ ནས་༢༠༡༦ བར་གྱི་དུས་ཡུན་རིང་ཟུར་ཉན་གྱི་རྐུབ་སྟེགས་ཤིག་རག་པ་མ་གཏོགས། ཐའེ་ཝན་དངོས་སུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ནང་མཉམ་ཞུགས་བྱེད་ཐུབ་མྱོང་མི་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
