ཡུ་རོབ་ཀྱིས་སྐྱབས་བཅོལ་བ་ཕྱིར་འབུད་བྱེད་འཆར།

12822181ཡུ་རོབ་སྤྱི་མཐུན་དང་ཏུར་ཀི་གཉིས་བར་བཞག་པའི་སྐྱབས་བཅོལ་བའི་གྲོས་ཆོད་ཐད་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག


དེ་ཡང་ཕྱི་ཟླ་༣ཚེས་༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། གལ་ཏེ་ཡུ་རོབ་ཀྱིས་ཏུར་ཀི་ལ་སྐྱབས་བཅོལ་བའི་འཚོ་སྣོན་གྱི་འགྲོ་སོང་ཆེད་དངུལ་མང་པོ་གཏོང་པ་དང། ཏུར་ཀི་རྒྱལ་ཁབ་དེ་ཉིད་ཡུ་རོབ་སྤྱི་མཐུན་གྱི་ཚོགས་མིའི་ནང་མྱུར་དུ་འཇུག་པ། དེ་བཞིན་ཏུར་ཀིའི་མི་མང་རྣམས་ཡུ་རོབ་ལ་ཐོངས་མཆན་མེད་པར་འགྲུལ་བཞུད་ཆོག་པའི་ཆོག་མཆན་ཐོབ་ཚེ། ཏུར་ཀི་ནས་ཡུ་རོབ་ལ་དཔལ་འབྱོར་ཆེད་དམ་ཡང་ན། ཁྲིམས་འགལ་ཐོག་གྷི་རི་སིར་ཕྱིན་པའི་སྐྱབས་བཅོལ་བ་ཚང་མ་ཚུར་ལེན་རྒྱུ་ཡིན་པའི་གྲོས་འཆར་ཞིག་ལ། ཡུ་རོབ་སྤྱི་མཐུན་གྱིས་མོས་མཐུན་བྱས་ཡོད་འདུག་པ་དང། གྷི་རི་སི་ནས་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་གཅིག་རེ་ཏུར་ཀི་ཡིས་བླངས་ཚེ། དེ་གར་སི་རི་ཡ་སོགས་ནས་སླེབས་པའི་སྐྱབས་བཅོལ་བ་གཅིག་རེ་ཡུ་རོབ་ལ་ལེན་རྒྱུ་ཁས་ལེན་བྱས་འདུག་ཀྱང། ཁས་ལེན་དེར་ཡིད་ཆེས་མི་བྱེད་མཁན་མང་པོ་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གིས་གྲོས་མཐུན་དེ་ནི་ཡུ་རོབ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་མི་མཐུན་པ་མ་ཟད། སྐྱབས་བཅོལ་བའི་བརྒྱ་ཆ་༤༠ ལྷག་ལོ་ན་༡༨ མ་སོན་པ་ཡིན་པས། དེ་ནི་བྱིས་པའི་ཐོབ་ཐང་ལ་རྡོག་རོལ་དུ་བཏང་བ་ཞིག་ཡིན་པ་དང། སྐྱབས་བཅོལ་བ་མང་ཆེ་རང་ཉིད་ཀྱི་ལུང་པ་ལ་དམག་འཁྲུག་གི་འཇིགས་པ་ལས་བྲོས་བྱོལ་དུ་ཡོང་བ་ཡིན་པས། ཏུར་ཀིའི་ནང་དུ་ཁོ་ཚོ་ལ་བདེ་འཇགས་ཡོད་པའི་ངེས་པ་མེད་སྐོར་གྱི་སྐྱོན་བརྗོད་བྱས་འདུག

ཏུར་ཀི་དང་ཡུ་རོབ་ཀྱི་གྲོས་མཐུན་དེ་ཟླ་འདིའི་ཚེས་༡༧ དང་༡༨ ཉིན་གྱི་ཡུ་རོབ་གྲོས་ཚོགས་སྐབས་གྲོས་བསྡུར་མུ་མཐུད་བྱས་ཏེ། མཐའ་མའི་གཏན་འབེབས་ཡོང་བར་འབད་རྒྱུ་ཡིན་འདུག

ཉེ་བའི་ལོ་ཤས་སྔོན་ནས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་དམག་འཁྲུག་གི་རྐྱེན་པས། ཡུ་རོབ་ལ་སྐྱབས་བཅོལ་བའི་གྲངས་འབོར་ཤིན་ཏུ་མང་པོ་ཡོང་བཞིན་པ་དང་། ཐོག་མར་ཡུ་རོབ་རྒྱལ་ཁབ་ཁག་གིས་སྐྱབས་བཅོལ་བ་ཚོར་རང་ཉིད་ཀྱི་འདོད་མོས་ལྟར། རྒྱལ་ཁབ་གང་དུ་འགྲོ་འདོད་ཀྱང་དེ་གར་སླེབས་པར་མཐུན་རྐྱེན་སྦྱར་བ་དང་སྐྱབས་བཅོལ་བའི་ཐོབ་ཐང་སྤྲད་ཡོད་ཀྱང་། ཉེ་བའི་ཆར་སྐྱབས་བཅོལ་བའི་གྲངས་ཚད་མང་དུ་འགྲོ་བཞིན་པར་བརྟེན། ཡུ་རོབ་ཀྱི་དཔལ་འབྱོར་དང་བདེ་འཇགས་ཀྱི་ཉེན་ཁ་སོགས་ཀྱི་ཐོག་ནས། སྐྱབས་བཅོལ་བའི་གྲངས་ཀ་ཉུང་དུ་གཏོང་ཐབས་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།