ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་གྲོངས་པར་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་གྱིས་མྱ་ངན་དང་ཐུགས་གསོ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་བསྟན་འཕེལ་གྱིས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌེ་ཝི་ཌིས་སྭ་ལི་(David Sassoli) སྐུ་གྲོངས་པར་མྱ་ངན་དང་། ཁོང་གི་ཤུལ་ལུས་སྐུ་ཟླ་དང་ནང་མིར་ཐུགས་གསོའི་གསུང་འཕྲིན་གནང་འདུག
ཚོགས་གཙོ་བསོད་ནམས་བསྟན་འཕེལ་གྱིས་དེ་རིང་རེས་གཟའ་ཕུར་བུའི་ཉིན་དམ་པ་ཁོང་གི་ཤུལ་ལུས་སྐུ་ཟླ་ཨེ་ལཱ་སན་དར་ཝི་ཊོ་རི་ནི་ (Alessandra Vittorini) ལ་བསྐུར་བའི་ཐུགས་གསོའི་གསུང་འཕྲིན་ནང་། ཁོང་གིས་“སྐུ་ཞབས་ཌེ་ཝི་ཌིས་སྭ་ལི་ (David Sassoli) མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་པར་བློ་ཕམ་ཚད་མེད་བྱུང་། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཚང་མའི་ཚབ་ཞུས་ཏེ་ཁྱེད་དང་ཁྱེད་ཀྱི་ནང་མི་ལ་ཐུགས་གསོ་ཞུ་རྒྱུ་ཡིན་”ཞེས་གསུངས་འདུག
ཟླ་འདི་ཚེས་ ༡༡ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌེ་ཝི་ཌིས་སྭ་ལི་(David Sassoli) དགུང་གྲངས་ ༦༥ ཐོག་སྐུ་གྲོངས་པའི་གནས་ཚུལ་བྱུང་རྗེས། ཡུ་རོབ་གྲོས་ཚོགས་ནས་རྒྱལ་དར་ཕྱེད་ཙམ་མར་ཕབ་ནས་ཁོང་ལ་མྱ་ངན་ཞུས་འདུག་པ་མ་ཟད། ཡུ་རོབ་ཀྱི་རྒྱལ་ཁབ་རྣམས་ཀྱི་སྲིད་འཛིན་ཚོས་སེམས་ཚོར་དྲག་པོས་ཁོང་ལ་མྱ་ངན་དང་གུས་དུད་ཞུས་འདུག
དེ་རིང་གི་ཐུགས་གསོའི་གསུང་འཕྲིན་ནང་། ཚོགས་གཙོ་བསོད་ནམས་བསྟན་འཕེལ་གྱིས་“དམ་པ་ཁོང་ནི་འཛམ་གླིང་འདིའི་སྟེང་འགྲོ་བ་མིའི་རིགས་ཕན་ཚུན་གུས་ཞབས་ལྡན་པ་ཡོང་རྒྱུ་དང་། རང་བྱུང་ཁོར་ཡུག་ལ་ཚང་མས་གཅེས་སྐྱོང་བྱེད་ཐབས་སོགས་འཛམ་གླིང་ཡར་རྒྱས་ཕྱོགས་ལ་འགྲོ་ཐུབ་རྒྱུར་ཡིད་ཆེས་ཆེན་པོ་གནང་མཁན་ཞིག་དང་། རྒྱལ་ཁབ་ཁག་གཅིག་གི་ཁེ་ཕན་ཙམ་མ་ཡིན་པར་ཚང་མའི་བདེ་དོན་ཡར་རྒྱས་ཕྱོགས་སུ་འཁྲིད་རྒྱུའི་དཔལ་འབྱོར་ལམ་ལུགས་ལ་ཡིད་ཆེས་ཆེན་པོ་གནང་མཁན་གྱི་ཚད་དང་ལྡན་པའི་ལྟ་གྲུབ་ཡོད་པའི་དབུ་ཁྲིད་ཅིག་ཡིན་”ཞེས་དམ་པ་ཁོང་ལ་བསྔགས་པ་དང་འབྲེལ། “ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནས་བོད་དོན་གླེང་སློང་དང་། རྒྱ་དམར་གཞུང་གིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་རྣམས་ཐེར་འདོན་གནང་བར་ང་ཚོ་བོད་མི་རྣམས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་ཀྱང་གསུངས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
