ཡུ་རོབ་ཏུ་“ཐའེ་ཝན་”རང་གི་མིང་ཐོག་ནས་བཙུགས་པའི་སྐུ་ཚབ་དོན་གཅོད་ཁང་ཐོག་མ་དེ་དངོས་སུ་དབུ་འབྱེད་བྱས་འདུག
ཡུ་རོབ་གླིང་ཆེན་གྱི་རྒྱལ་ཁབ་ལི་ཐི་ནི་ཡ(Lithuania)འི་ནང་དུ་“ཐའེ་ཝན་”རང་གི་མིང་ཐོག་ནས་བཙུགས་པའི་སྐུ་ཚབ་དོན་གཅོད་ཁང་ཞིག་དངོས་སུ་དབུ་འབྱེད་བྱས་འདུག
དེ་རིང་སྟེ་ཕྱི་ཟླ ༡༡ པའི་ཚེས་ ༡༨ རེས་གཟའ་ཕུར་བུའི་ཉིན་ལི་ཐི་ནི་ཡའི་རྒྱལ་ས་ཝིལ་ནཱ་སི་(Vilnius)རུ་ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞིག་དངོས་སུ་དབུ་འབྱེད་བྱས་འདུག་ཅིང་། དེ་ནི་ཡུ་རོབ་གླིང་ཆེན་དུ་“ཐའེ་ཝན་”རང་གི་མིང་ཐོག་ནས་བཙུགས་པའི་སྐུ་ཚབ་དོན་གཅོད་ཁང་ཆེས་དང་པོ་དེ་ཆགས་ཀྱི་ཡོད་འདུག
ད་ལོའི་ཕྱི་ཟླ་ ༧ པའི་ནང་ཡུ་རོབ་ཤར་མའི་རྒྱལ་ཁབ་ཆུང་ཆུང་ལི་ཐི་ནི་ཡས་སོ་སོའི་རྒྱལ་ཁབ་ནང་དུ་ཐའེ་ཝན་གྱི་གཞུང་ཚབ་ཁང་ཞིག་གསར་འཛུགས་བྱེད་དུ་ཡིན་པའི་གསལ་བསྒྲགས་སྤེལ་རྗེས། པེ་ཅིང་གིས་ལི་ཐི་ནི་ཡའི་ཐག་གཅོད་དེར་སྐྱོན་བརྗོད་དྲག་པོ་བྱས་ཏེ། རྒྱ་ནག་གི་གཞུང་ཚབ་པ་ལི་ཐི་ནི་ཡ་ནས་ཕྱིར་འཐེན་དང་། ལི་ཐི་ནི་ཡའི་གཞུང་ཚབ་པ་པེ་ཅིང་ནས་ཕར་འགྲོ་དགོས་པའི་བསལ་བསྒྲགས་བྱས་པ་མ་ཟད། ཚོང་ལས་དཔལ་འབྱོར་གྱི་གནོན་ཤུགས་དྲག་པོ་སྤྲད་ཡོད། འོན་ཀྱང་། ལི་ཐི་ནི་ཡས་རྒྱ་ནག་གི་གནོན་ཤུགས་ལ་མགོ་བོ་མ་བསྒུར་བར་དེ་རིང་དངོས་སུ་ཐའེ་ཝན་གྱི་མིང་ཐོག་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་དེའི་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་འདུག
ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་ཋོའུ་ཋར་དྲ་བའི་ཐོག “ལི་ཐི་ནི་ཡའི་ནང་དུ་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་དབུ་འབྱེད་བྱས་ཏེ། ཐའེ་ཝན་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་གཉིས་ཀྱི་བར་དུ་འབྲེལ་ལམ་རྒྱ་སྐྱེད་ཀྱི་སྟ་གོན་གྲུབ་ཡོད། ང་ཚོས་སེམས་གཏིང་ནས་ལི་ནི་ཡའི་གཞུང་དང་། ང་ཚོའི་རྒྱལ་ཁབ་གཉིས་ལ་ལ་རྒྱབ་སྐྱོར་བྱས་ཏེ་བླ་ན་མེད་པའི་ཉིན་མོ་འདི་སྲིད་པར་བཟོ་མཁན་གྱི་འཛམ་གླིང་ས་ཕྱོགས་གང་སའི་གྲོགས་པོ་རྣམས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་”ཞེས་བྲིས་ནས་བཏང་འདུག
རྒྱ་ནག་ལ་དོ་སྣང་དང་ཉམས་ཞིབ་བྱེད་མཁན་འགས་བརྗོད་པ་ལྟར་ན། ལི་ཐི་ནི་ཡས་ཐའེ་ཝན་གྱི་གཞུང་ཚབ་ཁང་གསར་འཛུགས་བྱེད་དུ་བཅུག་པ་དེས་འཛམ་གླིང་ནང་དུ་ཐའེ་ཝན་ལ་ངོས་འཛིན་བྱེད་པའི་ལམ་སྲོལ་གསར་པ་ཞིག་གཏོད་སྲིད་པས། རྒྱ་ནག་གིས་གནད་དོན་དེར་སེམས་ཁྲལ་དང་འཇིགས་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
