ཡུ་རོབ་ཏུ་རྒྱ་རིགས་༡༣༠ ལྷག་གསུམ་བཅུའི་དུས་དྲན་ལས་འགུལ་ནང་མཉམ་ཞུགས་བྱས་འདུག

ཟླ་འདིའི་ཚེས་༡༠ ཉིན་ནི་རང་རེའི་བོད་མི་རྣམས་ཀྱིས་རྒྱ་དམར་གྱི་བཙན་འཛུལ་གདུག་རྩུབ་དང་གཡོ་ཇུས་སོགས་ལ་ངོ་རྒོལ་ཆེད། བོད་མིའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་ཆེན་པོ་སྤེལ་ནས་ལོ་ངོ་༦༦ འཁོར་བའི་དུས་དྲན་གྱི་ཉིན་ཞིག་ཡིན་པར་བརྟེན། ཉིན་དེར་ནེ་ཐར་ལེན་ཌིའི་(Netherlands) གྲོང་ཁྱེར་ཧ་ཀིལ་(Hague) ཟེར་བའི་ནང་། ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་འདུག་པ་དང་།

པར། བོད་མིའི་སྒྲིག་འཛུགས།

ཐེངས་འདིའི་ལས་འགུལ་ནང་བོད་ཀྱི་གྲོགས་པོ་གློག་བརྙན་འཁྲབ་སྟོན་པ་རི་ཆཌ་སྒེར་(Richard Gere) དང་ཨ་རིའི་རྒྱལ་ཡོངས་སིལ་པོལ་རྩེད་འགྲན་པ་ཟུར་པ་ཨི་ནིས་ཀེན་ཊར་ཧྥི་རི་ཊམ་(Enes Kanter Freedom) གཙོས་ཡུ་རོབ་རྒྱལ་ཁབ་ཁག་ནས་ཡོང་བའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་འགའ་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས།

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། སྐབས་དེའི་ལས་འགུལ་ནང་རྒྱ་རིགས་༡༠༠ ལྷག་མཉམ་ཞུགས་གནང་ཞིང་། ཁོང་ཚོའི་འཕྲེད་དར་ཐོག་རྒྱ་དམར་ནས་བོད་པར་མནར་གཅོད་དང་སྡུག་པོ་གཏོང་མཚམས་འཇོག་དགོས། གཅིག་སྒྲིལ་གྱིས་རྒྱ་དམར་གྱི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ། ཆོས་དད་རང་དབང་སྲུང་སྐྱོབ་བྱ་དགོས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་སོགས་བྲིས་་ནས་ཁྲོམ་སྐོར་ལ་མཉམ་ཞུགས་གནང་ཡོད་འདུག རྒྱ་རིགས་དེ་དག་ནི་ནེ་ཐར་ལེན་ཌི་དང་སྦེལ་ཇམ་གཉིས་ལ་གནས་སྡོད་བྱེད་མཁན་དང་། ཆོས་དད་རང་དབང་གི་དཀའ་ངལ་འོག རྒྱ་གཞུང་གིས་འཛིན་བཟུང་དང་དམ་དྲག་སོགས་ཀྱི་དཀའ་ངལ་གྱིས་ཕྱིའི་རྒྱལ་ཁབ་ཏུ་ཡོང་མཁན་ཆགས་ཡོད་འདུག

དེ་བཞིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་༦༦ པ་དེ་སུད་སི་ཡི་གྲོང་ཁྱེར་ཛུ་རིག་ཏུ་འཚོགས་པའི་སྐབས་སུ་ཡང་། སུད་སིའི་ནང་གནས་སྡོད་བྱེད་མཁན་རྒྱ་རིགས་༣༠ ལས་འགུལ་ནང་མཉམ་ཞུས་བྱས་ཏེ་གཏམ་བཤད་སྤེལ་བ་སོགས་བྱས་ཡོད་འདུག

ལོ་གཉིས་རེ་ལ་གོ་སྒྲིག་གནང་བཞིན་པའི་ཡུ་རོབ་བོད་དང་མཉམ་དུ་ཡོད་ཟེར་བའི་གཞི་རྒྱ་ཆེ་བའི་ལས་འགུལ་དེ་ཟླ་འདིའི་ཚེས་༡༠ ཉིན་གྱི་ཆུ་ཚོད་༡༡།༣༠ ཙམ་ལ་ཧ་ཀིལ་གྲོང་ཁྱེར་གྱི་གླེང་ག་ནས་འགོ་བཙུགས་ཏེ། རྒྱལ་སྤྱིའི་ཁྲིམས་ཁང་བརྒྱུད་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་བར་ཁྲོམ་སྐོར་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།