ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་བཀྲ་ཤིས་དབང་ཕྱུག་ལ་གཞི་རྩའི་རང་དབང་སྟེར་བའི་དགོས་འདུན་བཏོན་འདུག 

བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལོ་ལྔའི་བཙོན་འཇུག་དུས་ཡུན་ཚང་ནས་གློད་གྲོལ་བྱུང་རྗེས། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ཁོང་ལ་“འགྲོ་འདུག་གི་རང་དབང་འདུས་པའི་གཞི་རྩའི་རང་དབང་ལོངས་སུ་སྤྱོད་དུ་འཇུག་དགོས་པའི་”དགོས་འདུན་བཏོན་འདུག 

རེས་གཟའ་པ་སངས་ཉིན་ཡུ་རོབ་མཐུན་ཚོགས་ཀྱི་གཞུང་འབྲེལ་དྲ་བའི་ཐོག་ཏུ་སྤེལ་བའི་བསྒྲགས་གཏམ་དུ། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་“སྐུ་ཞབས་བཀྲ་ཤིས་དབང་ཕྱུག་གློད་གྲོལ་བཏང་བ་དེར་ཆ་རྐྱེན་གང་ཡང་འཇོག་མི་ཆོག་པ་དང་། ཁོང་ལ་འགྲོ་འདུག་གི་རང་དབང་འདུས་པའི་གཞི་རྩའི་རང་དབང་ལོངས་སུ་སྤྱོད་དུ་འཇུག་དགོས་”པའི་དགོས་འདུན་བཏོན་པ་མ་ཟད། ཁོང་གིས་བཙོན་ཁང་དུ་གདུག་རྩུབ་དང་མནར་གཅོད་མྱངས་ཡོད་པའི་གནས་ཚུལ་དེ་དག་ལ་བདེན་མིན་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་པའི་དགོས་འདོན་ཡང་བཏོན་འདུག 

དེ་མིན་ད་དུང་། ཡུ་རོབ་མཐུན་ཚོགས་ཀྱིས་“གཞི་རྩའི་རང་དབང་དང་ཐོབ་ཐང་དང་འབྲེལ་བའི་ཐོག་ནས་ད་ལྟ་བཙོན་དུ་ཡོད་པ་ཐམས་ཅད་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་གྲོལ་གཏོང་དགོས་”པའི་དགོས་འདུན་བཏོན་པའི་ཐོག བཀག་ཉར་འོག་ཏུ་ཡོད་པ་རྣམས་ལ་དྲང་བདེན་གྱི་ཁྲིམས་བཤེར་དང་། དགོས་ངེས་ཀྱི་བརྒྱུད་རིམ་བརྒྱུད་པའི་ཐོབ་ཐང་ཡོད་པ་མ་ཟད། བཙོན་ཁང་དུ་འདུག་རིང་ཡང་གདུག་རྩུབ་དང་མནར་གཅོད་མྱོང་མི་དགོས་པའི་ཐོབ་ཐང་ཡོད་སྐོར་བརྗོད་འདུག 

བཀྲ་ཤིས་དབང་ཕྱུག་གིས་བོད་ཀྱི་སློབ་གྲྭ་ཁག་ཏུ་རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བ་ལྟར་བོད་ཡིག་སློབ་ཁྲིད་བྱེད་པའི་ཐོབ་ཐང་བརྩོན་ལེན་གནང་བར་བརྟེན། རྒྱ་ནག་གཞུང་གིས་༢༠༡༦ ལོར་ཁོང་འཛིན་བཟུང་བྱས་ཏེ་ཁ་བྲལ་རིང་ལུགས་ཀྱི་ཉེས་མིང་གཡོགས་ནས་ལོ་ལྔ་བ་བཙུན་འཇུག་བྱས་རྗེས། ཁ་སང་དུས་ཡུན་ཚང་ནས་བཙོན་གྲོལ་ཐོབ་ཡོད་པ་རེད།།

གསར་འགོད་པ་དཀོན་མཆོག་རབ་བརྟན།