ཡུ་རོབ་མཐུན་ཚོགས་ནས་༧པཎ་ཆེན་རིན་པོ་ཆེ་ཆ་རྐྱེན་གང་ཡང་མེད་པར་གློད་གྲོལ་དགོས་ཞེས་ནན་བརྗོད་གནང་འདུག
ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༡༥ ཉིན། ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་དང་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་མི་ནང་ཁུལ་(EU-China Inter-Parliamentary Meeting) ཚོགས་འདུ་ཐེངས་༤༢ པ་ཚོགས་ཡོད་པ་དང་།

ཡུ་རོབ་གྲོགས་ཚོགས་འཐུས་མིས་རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་མང་དག་ཅིག་གསལ་སྟོན་དང་། ལྷག་པར་དུ་བོད་ནང་ཛ་དྲག་གི་གནས་སྟངས་ནི་རྒྱ་ནག་གི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་དཔེ་མཚོན་གཙོ་བོ་ཞིག་ཡིན་པར་ནན་བརྗོད་གནང་ཡོད་འདུག
ཡུ་རོབ་གྲོས་ཚོགས་འཐུས་མིས་ཕྱི་ལོ་༡༩༩༥ ལོར་དགུང་ལོ་༦ ལ་ཕེབས་སྐབས། རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་རིན་པོ་ཆེ་གནས་སྟངས་ལ་ཡུན་རིང་ཐུགས་འཚབ་ཡོད་པ་བསྐྱར་ནན་གནང་ཞིང་། ༧པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་གཏོང་དགོས་པ་མ་ཟད། ཆབ་སྲིད་བརྩོན་པ་ཨི་ལམ་ཏོ་ཧི་ (Ilam Tohti) ལགས་དང་ཇིམ་མི་ལའེ་ (Jimmy Lai) ལགས། གུའེ་མིན་ཧའེ་ (Gui Minhai) ལགས་བཅས་ཀྱང་གློད་བཀྲོལ་གཏོང་དགོས་པའི་བསྐྱར་བརྗོད་གནང་ཡོད་འདུག།
ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གྲོས་ཚོགས་འཐུས་མི་ནང་ཁུལ་ཚོགས་འདུ་ཐེངས་༤༢ པ་དེ། ཕྱི་ལོ་༢༠༡༨ ནས་བཟུང་མཚམས་ཆད་ནས་ལོ་བདུན་རྗེས་ཀྱི་ཚོགས་འདུ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་༢༠༢༡ ལོར་རྒྱ་ནག་གཞུང་གིས་ཡུ་རོབ་གྲོས་ཚོགས་འཐུས་མི་ལྔ་དང་། ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་ཁག་གཅིག་ལ་རྒྱ་ནག་ཏུ་ཕྱི་འབྲེལ་འགྲོ་འོང་བཀག་སྡོམ་བྱས་ཡོད་པ་དང་། ཚོགས་འདུ་དེ་ད་ལོའི་ཕྱི་ཟླ་༣ པའི་ནང་རྒྱ་ནག་གཞུང་གིས་བཀག་སྡོམ་ཕྱིར་བསྡུ་བྱས་པ་ལས་བྱུང་བ་ཞིག་ཡིན་འདུག
ཚོགས་འདུ་མ་ཚོགས་གོང་སྦར་སིལ་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ཚོགས་འདུའི་ཉིན་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་རིགས་སྤྱི་མཐུན་ཚོགས་པ་མཉམ་འབྲེལ་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་མདུན་དུ་བོད་ནང་རང་དབང་དགོས་པའི་ཞི་རྒོལ་བྱས་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།
