ཡུ་རོབ་རྒྱལ་ཁབ་བདུན་གྱིས་༧གོང་ས་མཆོག་གི་ཡང་སྲིད་ཐད་ཕྱི་ནས་ཐེ་བྱུས་བྱེད་མི་ཆོག་པའི་བསྒྲགས་གཏམ་སྤེལ་འདུག

ཡུ་རོབ་རྒྱལ་ཁབ་བདུན་ལས་གྲུབ་པའི་ཡུ་རོབ་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ཀྱིས་༧གོང་ས་མཆོག་གི་ཡང་སྲིད་ཐད་ཕྱི་ནས་ཐེ་བྱུས་བྱེད་མི་ཆོག་པའི་བསྒྲགས་གཏམ་སྤེལ་འདུག

པར། བོད་མིའི་སྒྲིག་འཛུགས།

ཟླ་འདིའི་ཚེས་༡༤ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༦ ཉིན། ༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན། ཡུ་རོབ་རྒྱལ་ཁབ་བདུན་ཏེ། ཧྥ་རན་སི་དང་འཇར་མན། ནི་དྷར་ལེནྜ། དབྱིན་ཡུལ་དང་ལི་ཐུ་ཝེ་ནི་ཡ། ཨེས་ཏོ་ནི་ཡ་དང་ཨའི་སི་ལེནྜ་བཅས་ལས་གྲུབ་པའི་ཡུ་རོབ་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ནས་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གནད་དོན་དང་། དེའི་ཐོག་ཕྱི་ནས་ཐེ་བྱུས་མི་ཆོག་པའི་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་འདུག

མཉམ་འབྲེལ་བསྒྲགས་གཏམ་དེ་བོད་མི་དང་བོད་པའི་ནང་པ་ཚོར་ཆོས་དད་རང་དབང་ཡོད་པའི་རྒྱབ་སྐྱོར་ཡོད་པའི་ཐུན་མོང་གི་ལངས་ཕྱོགས་ཡིན་པ་རེད། དེ་མཚུངས་བསྒྲགས་གཏམ་དེ་ཡུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ཐོག་ཆོད་སེམས་བསྐྱར་ནན་གནང་གི་ཡོད་ཅེས་བཀོད་འདུག

དེ་དང་འདྲ་བ། ཟླ་འདིའི་ཚེས་༤ ཉིན། ཡུ་རོབ་ཀྱི་ཆབ་སྲིད་ཚོགས་པ་བཞི་སྟེ། ༼EPP དང་། S&D, Renew Europe Greens/EFA༽ བཅས་ཀྱི་གྲོས་ཚོགས་འཐུས་མི་༣༤ མཚན་རྟགས་བཀོད་པའི་གཞུང་འབྲེལ་བསམ་ཚུལ་(Op-Ed) ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་པའི་ནང་པ་རྣམས་ཀྱི་ཆོས་དད་རང་དབང་ལ་བརྩི་མཐོང་དང་། ༧གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་བྱུས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

སྤྱིའི་ཆ་ནས། ཕྱི་ཟླ་༧ པའི་ཚེས་༢ ཉིན། བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་ལམ་ནས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཞལ་བཞེས་དང་། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང། ཁོང་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབ་ལ་འགྱུར་བ་གང་ཡང་མེད་པ་སོགས་ཀྱི་བཀའ་བསྩལ་ཡོད་པ་རེད།

གསར་འགོད་པ། བློ་བཟང་རྒྱ་མཚོ།