ཡུ་རོབ་རྒྱལ་ཁབ་ ༢༨ ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་བསྒྲགས་གཏམ་དང་ཡར་ཀླུང་གཙང་པོའི་ཆུ་མཛོད་ལས་གཞིའི་ཉེན་ཁའི་སྐོར་གྱི་གཏམ་བཤད།

ཕྱི་ཟླ་༠༣ པའི་ཚེས་ ༢༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༥༨ པའི་ཐོག་ཏུ། ཡུ་རོབ་རྒྱལ་ཁབ་ ༢༨ ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་སེམས་འཚབ་ཡོད་པའི་མཉམ་སྦྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག་པ་དང་། བསྒྲགས་གཏམ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕོ་ལན་ཌིའི་གཏན་འཇགས་སྐུ་ཚབ་སྐུ་ཞབས་མི་རོ་སོ་ལོ་སྦུ་ཡི་ལོས་སྒྲོག་སྦྱངས་གནང་ཡོད་འདུག སྐབས་དེར་ཁོང་གིས་ང་ཚོས་རྒྱ་ནག་གི་གནས་སྟངས་དང་བྱེ་བྲག་ཏུ་བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་གནས་སྟངས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། ཁྲིམས་རྩོད་པ། གསར་འགོད་པ་བཅས་ཀྱི་ཐོག་དམ་དྲག་བྱས་པའི་བྱ་སྤྱོད་ལ་ཐུགས་འཚབ་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་རྣམས་མཚམས་འཇོག་དགོས་ཞེས་གསུངས་འདུག་ལ།
དེ་བཞིན་བསྒྲགས་གཏམ་དེའི་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡིན་པའི་སྐོར་སེམས་འཚབ་ཡོད་པ་བསྐྱར་ནན་བྱས་ཡོད་པ་དང་། རྒྱ་ནག་གཞུང་ལ་རྒྱ་ནག་རང་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་གིས་ཁྲིམས་ཀྱི་དབང་སྒྱུར་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་། སྲུང་སྐྱོབ་དགོས་པའི་རེ་སྐུལ་གནང་ཡོད་འདུག
ལྷག་པར་དུ་བོད་ནང་གི་གནས་སྟངས་ལ་དམིགས་བསལ་སེམས་འཚབ་བྱས་པའི་ཐོག་ནས། རྒྱལ་ཁབ་དེ་དག་གིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་བཞིན་མུ་མཐུད་ཛ་དྲག་འོག་གནས་ཡོད་སྐོར་གསུང་ཞིང་། དེའི་རྟགས་མཚན་ནི་བཙན་དབང་གིས་བཅའ་སྡོད་སློབ་གྲའི་ནང་སློབ་འཇུག་དང་། ཆུ་མཛོད་གསར་རྒྱག་གྱི་ལས་གཞིར་ཞི་རྒོལ་གནང་བར་དམ་དྲག་བྱེད་པ་དེ་ཚོ་ཡིན་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་བྱེད་པའི་བོད་ཀྱི་སློབ་གྲྭ་རྣམས་སྒོ་བརྒྱབ་ཡོད་པ། རྒྱ་ནག་གི་དབང་འཛིན་པས་སློབ་ཕྲུག་ཚང་མ་གཞུང་གི་སློབ་གྲྭར་བསྐྱོད་དགོས་པ་མ་ཟད། བོད་སྐད་ནི་དེར་ཟུར་དུ་སློབ་ཚན་གཅིག་ཙམ་དུ་སློབ་ཁྲིད་བྱེད་པའི་བཙན་བཀའ་བཏང་ཡོད་པའི་གནས་ཚུལ་ལ་ང་ཚོ་ཧ་ཅང་སེམས་འཚབ་ཡོད། ཅེས་འཁོད་ཡོད་འདུག
དེ་མཚུངས་རྒྱལ་ཁབ་དེ་ཚོས་བྱ་བྲལ་རིན་པོ་ཆེ་དང་། སྒོ་ཤེས་རབ་རྒྱ་མཚོ། མགོ་ལོག་དཔལ་ལྡན། སེམས་སྐྱིད་སྒྲོལ་མ། བཀྲ་ཤིས་རྡོ་རྗེ་གཙོས་པའི་བོད་དང་། ཡུ་གུར། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག་ལ། རྒྱ་ནག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་དང་དམིགས་བསལ་ཆེད་མཁས་པ་རྣམ་པ་བཀག་འགོག་མེད་པའི་ཐོག་ནས་བོད་ནང་བསྐྱོད་ཐུབ་རྒྱུར་ཆོག་མཆན་སྤྲོད་དགོས་པའི་རེ་སྐུལ་ཡང་ཞུས་ཡོད་འདུག
དེ་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་། ཕིན་ལེནྜ། ཇར་མ་ནི། ཉི་འོང་། ལི་ཐུ་ནི་ཡ། ནི་དར་ལེནྜ། སུད་སི་བཅས་སོ་སོ་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཡོངས་བགྲོ་གླེང་སྐབས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་གནང་ཡོད་འདུག
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱོད་ཀྱིས་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་སྟེང་ཡུ་རོབ་རྒྱལ་ཁབ་ ༢༨ ཀྱིས་མཉམ་སྦྲེལ་བསྒྲགས་གཏམ་དང་། རྒྱལ་ཁབ་སོ་སོའི་སྒེར་གྱི་བསྒྲགས་གཏམ་ལ་དགའ་བསུ་ཞུས་ཡོད་པ་མ་ཟད། བོད་ལ་རྒྱབ་སྐྱོར་གཡོ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཡུ་རོབ་རྒྱལ་ཁབ་ ༢༨ ཀྱི་མཉམ་སྦྲེལ་གྱི་བསྒྲགས་གཏམ་དང་། བོད་ནང་གི་ཛ་དྲག་གནས་སྟངས་གསལ་འདོན་གནང་བའི་རྒྱལ་ཁབ་གཞན་རྣམས་ལ་ཐུགས་རྗེ་ཆེ་ཞུས་འདུག་པ་དང་། ཁོང་གིས་རྒྱ་ནག་གཞུང་ལ་རྒྱལ་ཁབ་འདི་ཚོའི་འབོད་སྐུལ་ལ་ཉན་ནས་བོད་མིར་དམ་བསྒྲགས་བྱེད་བཞིན་པ་རྣམས་མཚམས་འཇོག་དགོས་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚང་མ་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པའི་རེ་འདུན་ཞུས་ཤིང་། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་དང་དམིགས་བསལ་ཆེད་མཁས་པ་རྣམ་པ་བོད་ནང་རང་དབང་ཐོག་ནས་ཐུགས་ཞིབ་བྱེད་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པར་གསུངས་ཡོད་འདུག
དེ་བཞིན་ཕྱི་ཟླ་ ༣ པའི་ཚེས་ ༢༠ ཉིན་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༥༨ པའི་ཐོག རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་པོའི་སྟེང་འཛུགས་སྐྲུན་བྱེད་རྩིས་ཡོད་པའི་མེ་ཏོག་ཆུ་མཛོད་ལས་གཞིའི་ཉེན་ཁ་ཆེ་བའི་གནས་སྟངས་སྐོར་གཏམ་བཤད་གནང་ཡོད་འདུག་པ་དང་། སྐབས་དེར་ཁོང་གིས། འཛུགས་སྐྲུན་ཆེན་པོ་འདི་རིགས་ཀྱིས་བོད་ཀྱི་ཁོར་ཡུག་ཉམས་ཆག་གཏོང་བ་མ་ཟད། ལྷོ་ཨེ་ཤི་ཡའི་མི་འབོར་ས་ཡ་མང་པོའི་ཆུའི་བདེ་འཇགས་ལའང་ཉེན་ཁ་བཟོ་བཞིན་ཡོད་པ་ནན་བཤད་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གལ་ཆེའི་རང་བཞིན་དང་།
ཆུ་མཛོད་འཛུགས་སྐྲུན་གྱིས་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་དཀའ་ངལ་ཆེ་རུ་གཏོང་སྲིད་པ་དང་། ས་གནས་བོད་མི་ཚོས་ལས་གཞི་འདིའི་ཤུགས་རྐྱེན་ཚབས་ཆེ་ཤོས་མྱོང་ངེས་ཡིན་པ་དང་། གནས་ཡུལ་གཏོར་བཤིག། བྱེ་ཐང་དུ་གྱུར་བ་དང་སོ་ནམ་ཞིང་ལས་ཉམས་ཆག་བཅས་ཀྱིས་བོད་མིའི་སྔར་སྲོལ་འཚོ་བར་ཉེན་ཁ་བཟོ་བཞིན་ཡོད་པ། གལ་ཆེའི་ས་ཞིང་བརླག་པར་བརྟེན་ནས་ཟས་བཅུད་ཉེན་ཁ་ཆེ་རུ་འགྲོ་བ་དང་། མི་མང་པོ་གནས་སྤོ་བྱེད་དགོས་པ། དེ་བཞིན་བོད་མི་ཚོ་རང་ཡུལ་ནང་དུ་ཟུར་ཕུད་བྱས་པ་སོགས་ཀྱི་དཀའ་ངལ་ཡོང་སྲིད་པ་སོགས་བརྗོད་པ་མ་ཟད། ཡར་ཀླུང་གཙང་པོ་ནི་རྒྱ་གར་དང་བཱངྒ་ལ་དེཤ་ནང་གི་མི་འབོར་ས་ཡ་མང་པོའི་འཚོ་རྟེན་གྱི་ཆུ་ཁུངས་གལ་ཆེན་ཞིག་ཡིན་པས། ས་ཁུལ་གྱི་རྒྱལ་ཁབ་ཕན་ཚུན་དབར་འགལ་ཟླ་ཆེ་རུ་བཏང་ནས་ལྷོ་ཨེ་ཤི་ཡའི་ཞི་བདེ་དང་བརྟན་ལྷིང་ལ་ཉེན་ཁ་བཟོ་སྲིད་པ། རྒྱལ་སྤྱིའི་སྤྱི་ཚོགས་ལ་མིག་མདུན་གྱི་ཁེ་ཕན་ལས་ཁོར་ཡུག་རྒྱུན་གནས་ལ་སྔོན་འགྲོའི་མཐུན་རྐྱེན་གལ་ཆེན་སྤྲོད་དགོས་པའི་འབོད་སྐུལ་དང་།
གནམ་གཤིས་འགྱུར་ལྡོག་དང་ཉེན་ཁ་ཆེ་བའི་ཁོར་ཡུག་སྲུང་སྐྱོབ་ནི་འཛམ་གླིང་ཡོངས་ཀྱིས་འབད་བརྩོན་བྱེད་པས། མི་དང་ཁོར་ཡུག་གཉིས་ཀའི་བདེ་ཐང་ལ་ཉེན་ཁ་བཟོ་བའི་ལས་གཞི་ཁག་ཕྱིར་འཐེན་བྱ་མི་རུང་བ། དེ་བཞིན་སྲིད་གཞུང་ཁག་དང་། ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག དེ་བཞིན་རྒྱལ་སྤྱིའི་འབྲེལ་ཡོད་ཚོགས་སྡེ་ཁག་ལ་བསྐྱར་གསོ་མི་ཐུབ་པའི་གནོད་སྐྱོན་མ་ཕོག་སྔོན་ལ་མེ་ཏོག་ཆུ་མཛོད་ལས་གཞི་མཚམས་འཇོག་བྱ་ཐབས་ཀྱི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་སོགས་ཞུས་ཡོད་འདུག
གོང་གསལ་གསར་འགྱུར་རྣམས་གསར་འགོད་པ་བསྟན་འཛིན་ལམ་བཟང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ནས་བཏུས།

 
							