ཡུག་ཀེ་རན་སྲིད་འཛིན་གྱི་སློབ་སྟོན་པ་ཞིག་རྩ་དགོངས་ཞུས་འདུག
ཡུག་ཀེ་རན་གྱི་སྲིད་འཛིན་ལ་སློབ་སྟོན་བྱེད་མཁན་ཁོངས་སུ་ཡོད་པའི་མི་ཞིག་གིས། ཨུ་རུ་སུའི་མེ་ཤུགས་འཕུར་མདའི་དྲག་རྒོལ་དང་འབྲེལ་བའི་གནད་དོན་ཐོག་སྐད་ཆ་བཤད་སྐབས། མི་མང་དང་གནད་ཡོད་མི་སྣ་མང་པོས་ཁོའི་སྐད་ཆར་དགག་བྱ་ཤུགས་ཆེན་བྱས་རྐྱེན། ཁོས་སློབ་སྟོན་པའི་ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་རེད་འདུག
ཟླ་༡ པོའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཚེས་༡༤ ཉིན་ཨུ་རུ་སུའི་མེ་ཤུགས་འཕུར་མདའ་ཞིག ཡུག་ཀེ་རན་གྱི་གྲོང་ཁྱེར་ཌི་ནི་པཱེ་རཱོ་ཞེས་པའི་ནང་གི་མི་མང་གནས་སྡོད་བྱེད་ཡུལ་ཁང་རྩེག་གཅིག་ཐོག་ཏུ་ཕོག་ནས། མི་གྲངས་༤༥ ལས་མང་བའི་ཚེ་སྲོག་ཤོར་བའི་གནད་དོན་བྱུང་ཡོད་པ་རེད་འདུག སྐབས་དེར་སྤྱི་ཚོགས་དྲ་ལམ་ཡུ་ཊོབ་ནང་དུ་རྗེས་འཇུག་པ་ས་ཡ་༡.༦ ཡོད་མཁན་རྒྱལ་ཁབ་དེའི་སྲིད་འཛིན་གྱི་སློབ་སྟོན་པ་(Oleksiy Arestovych)ཡིས། བརྙན་ཐུང་ཞིག་བཟོས་ནས་ཨུ་རུ་སུའི་མེ་ཤུགས་འཕུར་མདའ་དེའི་ཐོག་ཏུ། ཡུག་ཀེ་རན་གྱི་གནམ་ཐོག་བདེ་སྲུང་རུ་ཁག་གིས་གཏོར་རྒོལ་བྱས་རྐྱེན། མེ་ཤུགས་འཕུར་མདའ་དེ་མི་མང་གནས་སྡོད་བྱེད་ཡུལ་དུ་ལྷུང་ནས་གས་འཐོར་བྱུང་ཡོད་སྐོར་བརྗོད་འདུག
ཁོང་གི་སྐད་ཆ་དེ་དང་འབྲེལ་ནས་གཞུང་འབྲེལ་མིན་པའི་ཚོགས་པ་བརྒྱ་ཕྲག་མང་པོའི་ཚོགས་མི་དང་། གནད་ཡོད་མི་སྣ་མང་པོ་ཞིག་གིས་དྲ་ཐོག་ཏུ་ཁོང་ལ་སྐྱོན་བརྗོད་བྱས་ནས། གཞུང་གིས་ཁོང་སྲིད་འཛིན་གྱི་སློབ་སྟོན་པའི་ལས་གནས་ནས་གནས་དབྱུང་གཏོང་དགོས་པའི་དགོས་འདུན་བཏོན་འདུག ཁོང་ལ་སྐྱོན་བརྗོད་བྱེད་མཁན་ཚོས་བརྗོད་དོན་ལ། ཁོང་གི་སྐད་ཆ་དེས་ཨུ་རུ་སུའི་དྲིལ་བསྒྲགས་ལ་རམ་འདེགས་བྱས་ཡོད་སྐོར་བརྗོད་འདུག
དེ་ཡང་ཨུ་རུ་སུས་རྒྱུན་དུ་ནས་མི་མང་གནས་སྡོད་བྱེད་ཡུལ་དུ་དྲག་རྒོལ་བྱེད་ཀྱི་མེད་པ་དང་། དྲག་རྒོལ་གྱི་གནས་ཚུལ་བྱུང་བ་རྣམས་ཡུག་ཀེ་རན་གྱི་ནོར་འཁྲུལ་ཡིན་སྐོར་བརྗོད་བཞིན་ཡོད་འདུག ཐེངས་འདིིའི་གནད་དོན་དེ་བེད་སྤྱད་ནས་ཨུ་རུ་སུའི་མགྲིན་ཚབ་པ་ཞིག་གིས། ཨུ་རུ་སུས་རྒྱུན་དུ་ནས་མི་མང་གནས་སྡོད་བྱེད་ཡུལ་ཁང་རྩེག་ཐོག་ཏུ་དྲག་རྒོལ་བྱེད་ཀྱི་མེད་པ་དང་། ཐེངས་འདིའི་གནས་ཚུལ་དེ་ནི་ཡུག་ཀེ་རན་གྱི་གནམ་ཐོག་བདེ་སྲུང་རུ་ཁག་གི་ནོར་འཁྲུལ་ཡིན་པ། དེ་ལྟར་ཡིན་པ་ཡུག་ཀེ་རན་ཕྱོགས་ནས་ཀྱང་བཤད་ཡོད་སྐོར་བརྗོད་འདུག
གནད་དོན་འདི་དང་འབྲེལ་ནས་ཡུག་ཀེ་རན་གྱི་གནམ་ཐོག་བདེ་སྲུང་རུ་ཁག་གིས་ཐད་ཀར་གསལ་བཤད་བྱས་མེད་ཀྱང་། ད་ལྟའི་ཆར་རུ་ཁག་དེར་ཨུ་རུ་སུའི་མེ་ཤུགས་འཕུར་མདའ་ངོས་འཛིན་བྱེད་པ་དང་གཏོར་རྒོལ་བྱེད་པའི་འཕྲུལ་རིག་མེད་སྐོར་བརྗོད་འདུག
ཐོག་མར་སྲིད་འཛིན་གྱི་སློབ་སྟོན་པ་(Oleksiy Arestovych)ཡིས་ཁོང་གི་སྐད་ཆ་དང་འབྲེལ་ནས་དགོངས་སེལ་ཞུས་མེད་འདུག་ཀྱང་། ཚེས་༡༧ ཉིན་ངོ་དེབ་ཐོག་ཏུ་རང་ཉིད་ལས་གནས་ནས་རྩ་དགོངས་ཞུས་པའི་ཡི་གེ་བཞག་ནས། ཁོང་གིས་ནོར་འཁྲུལ་ཆེན་པོ་ཤོར་ཡོད་པས། དྲག་རྒོལ་དེའི་ནང་ཚེ་སྲོག་ཤོར་མཁན་རྣམས་དང་དེ་དག་ནང་མི། དེ་བཞིན་གྲོང་ཁྱེར་དེའི་མི་མང་དང་ཡུག་ཀེ་རན་མི་མང་ཡོངས་ལ་དགོངས་སེལ་ཞུ་ཡི་ཡོད་སྐོར་བརྗོད་འདུག
ཁོང་ནི་ཡུག་ཀེ་རན་གྱི་དམག་འཁྲུག་ནང་དུ་ཡུག་ཀེ་རན་མི་མང་གིས་ཉན་འཇོག་བྱེད་ཡུལ་གྱི་གནད་ཡོད་མི་སྣ་ཞིག་ཆགས་ཀྱི་ཡོད་འདུག་པ་དང་། ཁོང་གིས་ཉིན་ལྟར་ཡུ་ཊོབ་དྲ་ལམ་བེད་སྤྱད་ནས་དམག་འཁྲུག་དང་འབྲེལ་བའི་བགྲོ་གླེང་དང་གསར་འགྱུར་བཤད་ཀྱི་ཡོད་འདུག ཁོང་གིས་རྒྱུན་དུ་ཡུག་ཀེ་རན་མི་མང་རྣམས་ལ་སེམས་ཤུགས་སྤར་ཆེད་ཀྱི་སྐད་ཆ་ཡང་མང་པོ་བཤད་ཀྱི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།