ཡུག་རེན་གྱི་གསང་བའི་ལས་ཁུངས་ཀྱི་འགོ་དཔོན་གྱི་བཟའ་ཟླ་ལ་དུག་སྤྲད་ཡོད་འདུག 

ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་རྒྱག་བཞིན་པའི་སྐབས་སུ་ཕྱོགས་གཉིས་ཀྱི་སྲིད་འཛིན་དང་། དམག་དཔོན་དང་། གསང་བའི་མི་སྣ། འགོ་ཁྲིད་སོགས་ཀྱི་བདེ་སྲུང་ལ་ཉེན་ཁ་འཕྲད་ཀྱི་ཡོད་པ་བཞིན་། ཁ་སང་ཡུག་རེན་གྱི་གསང་བའི་ལས་ཁུངས་ཀྱི་འགོ་དཔོན་གྱི་བཟའ་ཟླ་ལ་སུས་སྤྲད་ཡིན་མི་ཤེས་པའི་དུག་རག་ཡོད་འདུག་པར་བརྟེན། ད་ལྟ་ཛ་དྲག་གི་སྨན་ཁང་ནང་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག 

ཕྱི་ཚེས་༢༩ ཉིན་རྒྱ་གར་གྱི་(wion)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༢༨ ཉིན་རང་ལོ་༣༠ ཡིན་པའི་ཡུག་རེན་དམག་གི་གསང་བའི་ལས་ཁུངས་ཀྱི་འགོ་དཔོན་གྱི་བཟའ་ཟླ་(Marianna Budanova)ཟེར་བའི་བུད་མེད་དེ་ལ་དུག་སྤྲད་ནས་ད་ལྟ་ཛ་དྲག་སྨན་ཁང་ནང་ཡོད་འདུག་ལ། མོ་ལ་དུག་ཧ་ཅང་གིས་ཉེན་འཚབ་ཆེན་པོ་ཕོག་ཡོད་པ་(Radio Free Europe)ཡོ་རོབ་རང་དབང་རླུང་འཕྲིན་ཁང་གིས་བརྗོད་ཡོད་འདུག འོན་ཀྱང་། ད་ལྟ་སུས་མོ་ལ་དུག་སྤྲད་ཡིན་མིན་དང་གང་འདྲ་བྱས་ནས་སྤྲད་མིན་ཁ་གསལ་མི་འདུག དེ་བཞིན་མོ་དང་གཞན་དམག་མིའི་གནད་ཡོད་མི་སྣ་འགའ་ལ་གཅིག་མཚུངས་ཀྱིས་དུག་ཕོག་ནས་ནད་པ་ཆགས་ཡོད་འདུག་ཀྱང་། ཡུག་རེན་གཞུང་གིས་གནས་ཚུལ་དེའི་སྐོར་ཞིབ་ཕྲ་ད་དུང་བཤད་ཡོད་མི་འདུག ཡུག་རེན་གཞུང་གི་གསང་བའི་ལས་ཁུངས་ཀྱི་མིང་བརྗོད་འདོད་མེད་པའི་མི་སྣ་ཞིག་གིས་བརྗོད་དོན་ལ། ད་ལྟ་གནད་དོན་དེ་ལ་གཞུང་གིས་ཞིབ་དཔྱད་ནན་པོ་བྱེད་བཞིན་ཡོད། ཡུག་རེན་གཞུང་གི་གལ་གནད་ཆེ་བའི་མི་མང་པོ་ཞིག་གསོད་འདོད་ཡོད་པའི་དབང་གིས་དུག་སྤྲད་ཡོད་པ་རེད་ཅེས་བརྗོད་ཡོད་འདུག ད་ལྟ་སྨན་ཁང་ནས་རྙེད་སོན་བྱུང་བའི་བུད་མེད་དེའི་ལུས་ཐོག་གི་དུག་རྫས་དེ་སྤྱིར་བཏང་གི་མི་ཞིག་གསོད་ཐབས་ཆེད་དུ་དང་། ཡང་ན་དམག་གི་དོན་རྐྱེན་ཁྲོད་བེད་སྤྱོད་བྱེད་ཀྱི་ཡོད་པ་ཞིག་ཀྱང་ཡིན་མི་འདུག་ལ། དུག་རྫས་དེ་ཧ་ཅང་གིས་ཉེན་འཚབ་ཆེ་བའི་དུག་ཞིག་ཡིན་པར་བརྗོད་ཡོད་འདུག དུག་ཕོག་པའི་བུད་མེད་དེའི་ཁྱོ་གའམ་ཡུག་རེན་དམག་གི་གསང་བའི་ལས་ཁུངས་ཀྱི་འགོ་དཔོན་(Gen Budanov )་ཟེར་བ་དེ་ལ་ད་བར་ལྐོག་གསོད་གཏོང་ཐབས་ཐེངས་༡༠ བྱས་ཡོད་འདུག་ལ། ཕྱི་ལོ་༢༠༢༢ ཟླ་བ་༢ ནང་ཨུ་རུ་སུ་དང་ཡུག་རེན་བར་ལ་དམག་འཁྲུག་འགོ་འཛུགས་སྐབས། ཁོང་ནི་ཡུག་རེན་དམག་གིས་ཨུ་རུ་སུ་ལ་ཕར་རྒོལ་བྱེད་མཁན་གྱི་དམག་དོན་ཐབས་བྱུས་ལྷན་ཚོགས་ཁྲོད་ཧ་ཅང་གིས་གལ་ཆེ་བའི་གནད་ཡོད་མི་སྣ་ཞིག་ཡིན་འདུག  ཡུག་རེན་གསང་བའི་ལས་ཁུངས་ཀྱི་འགོ་དཔོན་གྱིས་བརྗོད་དོན་ལ། ཁོང་ལ་ད་ལྟ་གསོད་ཐབས་ཐེངས་༡༠ ཙམ་བྱས་ཡོད་པ་དང་། དེ་ཡང་གཙོ་བོ་ཨུ་རུ་སུའི་གསང་བའི་ལས་ཁུངས་ (FSB )ཟེར་བ་དེ་ཡི་གོ་སྒྲིག་འོག་ཁོང་གསོད་ཐབས་བྱས་ཡོད་པར་བརྗོད་ཡོད་འདུག ཁོང་གི་བཟའ་ཟླ་བུད་མེད་(Marianna Budanova)ཟེར་བ་དེ་ཕྱི་ལོ་༡༩༩༣ ལོར་ཡུག་རེན་གྱི་རྒྱལ་ས་(Kyiv)ནང་སྐྱེས་འདུག་པ་དང་།  མོས་སེམས་ཁམས་རིག་པ་ཐོག་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱས་ཡོད་འདུག་ལ། དེ་བཞིན་(Kyiv)རྒྱལ་སའི་གྲོང་ཁྱེར་སྤྱི་ཁྱབ་ཀྱི་སློབ་སྟོན་པའི་ལས་ཀ་བྱེད་བཞིན་ཡོད་འདུག ཕྱི་ལོ་༢༠༡༥་ནས་ ༡༧ བར་མོས་ཡུག་རེན་གྱི་དམག་མིའི་སྨན་ཁང་ཞིག་ནང་དང་བླང་གི་ལས་ཀ་བྱས་ཡོད་པ་སྦི་སྦི་སི་གསར་ཁང་ལ་བརྗོད་ཡོད་འདུག ད་ལྟའི་ཆར་མོ་ཡུག་རེན་གྱི་མཐོ་སློབ་(national police academy)ཟེར་བའི་ནང་ཁྲིམས་དང་འབྲེལ་བའི་སེམས་ཁམས་རིག་པའི་(legal psychology)སློབ་དཔོན་གྱི་ལས་ཀ་བྱེད་ཀྱི་ཡོད་འདུག མོའི་ཁྱོ་གས་(Gen Budanov)བརྗོད་དོན་ལ། ཁོང་གཉིས་ཀྱི་བདེ་འཇགས་ཀྱི་ཆེད་དུ་ཕྱི་ལོ་༢༠༢༢ ནང་དམག་འཁྲུག་འགོ་བཙུགས་པ་ནས་ཁོང་གི་ལས་ཁུངས་ནང་བསྡད་ནས་ད་ལྟ་བར་ཕྱི་ལ་སོང་མེད་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།