ཡུག་རེན་གྱི་ཆུ་མཛོད་ལ་གཏོར་རྒོལ་དང་ས་གནས་མང་པོར་ཆུ་ལོག་གི་དོན་རྐྱེན་འཕྲད་བཞིན་པ།

ཡུག་རེན་གྱི་གློག་ཁང་ཞིག་གི་ཆུ་མཛོད་ལ་གཏོར་རྒོལ་ཕོག་ནས་ཆུ་མཛོད་ཀྱི་གཤམ་དུ་ཡོད་པའི་ཡུག་རེན་གྱི་མི་མང་སྟོང་ཚོ་མང་པོའི་ཞིང་ཁ་དང། ཁང་པ་སོགས་མི་རྒྱུ་གཉིས་ལ་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་འདུག
ཕྱི་ཚེས་༦ ཉིན་ཡུག་རེན་གྱི་ ( Nova Kakhovka Dam) གློག་ཁང་ཞིག་གི་ཆུ་མཛོད་ལ་གཏོར་རྒོལ་ཕོག་ནས་ཆུ་ཕོན་ཆེན་ཤོར་བཞིན་ཡོད་པ་དང། ཆུ་མཛོད་ཀྱི་གཤམ་ལ་ཡོད་པའི་མི་མང་སྟོང་ཚོ་མང་པོ་གནས་སྤོ་དགོས་བྱུང་སྟེ། ད་ཆར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་བཞིན་འདུག གློག་ཁང་དེ་ཡུག་རེན་གྱི་ལྷོ་ཕྱོགས་ཀེར་སོན་(Kherson)ཟེར་བའི་ས་ཆའི་ནང་ཡོད་ཅིང་། ཕྱི་ལོ་༡༩༥༦ ལོར་ཡུག་རེན་ཨུ་རུ་སུའི་མཉམ་འབྲེལ་རྒྱལ་ཁབ( Soviet union)་ནང་ཡོད་དུས་འཛུགས་བསྐྲུན་བྱས་ཡོད་འདུག་པ་དང་། དེེའི་ཆུ་རགས་ཀྱི་མཐོ་ཚད་ནི་སྨི( Metres)༣༠ དང་རིང་ཐུང་སྤྱི་ལེ་༣.༢་ཡོད་འདུག དེ་ནི་ཡུ་རོབ་གླིང་ཆེན་ནང་གི་གློག་ཁང་ཆེ་ཤོས་ཤིག་དང། ཡུག་རེན་གྱི་ཆུ་བོ་( Dnipor River) ཐོག་བརྒྱབ་ཡོད་འདུག ཕྱི་ཚེས་༢ ཉིན་ཆུ་རགས་ཐོག་གཞུང་ལམ་བཟོས་པ་དེར་གཏོར་རྒོལ་ཕོག་ཡོད་པ་དང། ཕྱི་ཚེས་༦ ཉིན་ཆུ་རགས་གཏོར་རྒོལ་ཕོག་ནས་ཆུ་འབོར་ཆེན་ཕྱིར་ཤོར་ཡོད་འདུག
གློག་ཁང་གི་ཆུ་མཛོད་ཡོད་སའི་ས་ཆ་དེ་ཨུ་རུ་སུ་ཡིས་ཡུག་རེན་གྱི་ལག་ནས་བཙན་འཕྲོག་བྱས་པ་ཞིག་ཡིན་ཞིང། ད་ཆར་ཨུ་རུ་སུས་ཕྱི་ལོ་༢༠༡༤ ནང་བཙན་བཟུང་བྱས་པའི་ཡུག་རེན་གྱི་ས་ཆ་ཁེར་མེ་ཡན་(Crimean) ནང་གི་གྲོང་ཚོ་མང་པོ་ཞིག་ལ་ཆུ་ལོག་རྒྱག་འགོ་ཚུགས་ནས། གྲོང་ཚོ་དེ་དག་གི་ནང་དུས་ཡུན་རིང་པོར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་འདུག

གཏོར་རྒོལ་དེ་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་བར་ཕན་ཚུན་གཅིག་གིས་གཅིག་ལ་སྐྱོན་རྗོད་རེས་བྱེད་བཞིན་པ་ལས་སུས་གཏོར་རྒོལ་བྱས་མིན་ད་དུང་ཁ་གསལ་མི་འདུག
ཨུ་རུ་སུས་བརྗོད་དོན་ལ་ཡུག་རེན་གྱིས་ཆུ་མཛོད་དེ་གཏོར་རྒོལ་བྱས་ཡོད་པ་དང། དེ་ཡང་གནས་དོན་གཉིས་ཀྱི་ཐོག་ནས་གཏོར་རྒོལ་བྱས་ཡོད་པའི་སྐྱོན་བརྗོད་བྱས་འདུག གནད་དོན་དང་པོ་དེ་ཨུ་རུ་སུས་བཙན་བཟུང་བྱས་པའི་ཡུག་རེན་གྱི་ས་ཆ་ཀེར་སོན་(kherson) ནང་ཨུ་རུ་སུའི་དམག་མི་མང་པོ་ཡོད་པར་བརྟེན། ཡུག་རེན་གྱིས་ཆུ་མཛོད་གཏོར་རྒོལ་བྱས་ནས་ཆུ་ལོག་གིས་ཨུ་རུ་སུའི་དམག་མི་རྣམས་རྒྱང་འབུད་གཏོང་ཐབས་བྱེད་བཞིན་ཡོད་ཚུལ་དང་། གཉིས་པ། ཁེར་མེ་ཡན་ས་ཆའི་ནང་ཆུ་མཛོད་དེའི་ཆུ་ཨུ་རུ་སུས་བེད་སྤྱོད་ཤུགས་ཆེན་གཏོང་གི་ཡོད་པ་དང་། དབྱར་དུས་སླེབ་བཞིན་པར་བརྟེན་ཡུག་རེན་གྱིས་ཨུ་རུ་སུའི་དཔུང་དམག་ལ་ཕར་རྒོལ་ཤུགས་ཆེན་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་པས། ཕར་རྒོལ་སྐབས་ཁེར་མེ་ཡན་ནས་ཨུ་རུ་སུའི་དཔུང་དམག་ཡོང་མི་ཐུབ་པ་བཟོ་ཆེད་ཆུ་མཛོད་དེ་དང་དེའི་ཐོག་ཡོད་པའི་གཞུང་ལམ་གཉིས་ཀ་གཏོར་རྒོལ་བྱས་ཡོད་ཚུལ་ཨུ་རུ་སུས་བརྗོད་འདུག
ཕྱི་ལོ་༡༩༤༡ ལོར་ཨུ་རུ་སུས་ཆུ་མཛོད་ཞིག་གཏོར་རྒོལ་བྱས་ནས་འཇར་མན་གྱི་ན་ཛིའི་དམག་དཔུང་འགོག་ཐབས་བྱས་ཡོད་པར་བརྟེན། སོར་ཝ་(Soviet0 མི་མང་སྟོང་ཚོ་མང་པོ་ཆུ་ལོག་གིས་རྐྱེན་པའི་ཤི་སྐྱོན་བྱུང་ཡོད་འདུག
དེ་བཞིན་ཡུག་རེན་གྱིས་བརྗོད་དོན་ལ་ཨུ་རུ་སུས་ཡུག་རེན་གྱི་དམག་དཔུང་གིས་ཕར་རྒོལ་བྱེད་ཡོང་བསམ་ནས་ཆུ་མཛོད་དང་གཞུང་ལམ་གཉིས་ཀར་གཏོར་རྒོལ་བྱས་ཡོད་རེད་ཅེས་བརྗོད་འདུག ཐེངས་འདིའི་ཆུ་མཛོད་གཏོར་རྒོལ་ཁྲོད་ཡུག་རེན་གྱི་ཞིང་ཁ་ཧེཀ་ཌར་༡༠༠༠༠ ཆུ་ལོག་གི་གནོད་སྐྱོན་ཕོག་ཡོད་པ་ཡུག་རེན་གྱི་བཟའ་འབྲུའི་བློན་ཆེན་གྱིས་བརྗོད་འདུག་ལ། དེ་བཞིན་ཡུག་རེན་གྱི་ནུས་ཤུགས་ཐོན་ཁུངས་ཕོན་ཆེན་ཞིག་ཀྱང་འཕྲོག་བརླག་ཕྱིན་ཡོད་པ་ཡང་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།