ཡུག་རེན་གྱི་འབྱོར་ལྡན་ཞིག་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་འོག་གཞུང་གིས་དོ་དམ་བྱས་འདུག


ཟླ་འདིའི་ཚེས་༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། སྔོན་ཆད་ཡུག་རེན་སྲིད་འཛིན་གྱི་རྒྱབ་སྐྱོར་དང་ངོ་ཤེས་ཡིན་པའི་ཚོང་པ་འབྱོར་ལྡན་ཞིག་ད་ལྟ་དངུལ་ནག་དཀར་སྒྱུར་གྱི་དོགས་གཞིའི་འོག་ཡུག་རེན་གཞུང་གིས་དོ་དམ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢ ཉིན་ཡུག་རེན་གྱི་ཁྲིམས་ཁང་གིས་ཡུག་རེན་གྱི་ཐེར་འབུམ་བདག་པོ་ཀོ་ལོ་མོ་སི་ཀི་(Igor Kolomoisky) ་ཟེར་བའི་ཚོང་པ་ཞིག་དངུལ་ནག་དཀར་སྒྱུར་གྱི་དོགས་གཞིའི་འོག་ཟླ་བ་གཉིས་རིང་དོ་དམ་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་འདུག

ཀོ་ལོ་སི་ཀི་ནི་སྣུམ་དང་དངུལ་ཁང་། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གི་བདག་པོ་ཡིན་པ་དང་། ཕྱི་ལོ་༢༠༡༣ ནས་ཕྱི་ལོ་༢༠༢༠ བར་ཁོང་གིས་ཁོང་ཉིད་དང་འབྲེལ་བ་ཡོད་པའི་དངུལ་ཁང་ཞིག་བརྒྱུད་ནས་ཨ་སྒོར་ས་ཡ་༡༤ ལྷག་ཕྱིའི་རྒྱལ་ཁབ་ཁག་ལ་བཏང་ཡོད་འདུག

ཚོང་པ་ཀོ་ལོ་མོ་སི་ཀི་ནི་ལོ་༦༠ ཡིན་པ་དང་ཡུག་རེན་ནང་གི་ཚོང་པ་ཕྱུག་ཤོས་གྲས་ཤིག་ཀྱང་ཆགས་ཡོད་འདུག ཕྱི་ལོ་༢༠༡༩ ལོར་ད་ལྟ་ལས་ཐོག་སྲིད་འཛིན་ཡུག་རེན་གྱི་སྲིད་འཛིན་གྱི་འོས་བསྡུའི་ནང་ཞུགས་སྐབས། ཁོང་གིས་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པ་མ་ཟད། ཛི་ལན་སི་ཀི་སྲིད་འཛིན་མ་ཆགས་པའི་སྔ་རོལ་དུ་ཚོང་པ་དེའི་བརྙན་འཕྲིན་ཁང་བརྒྱུད་ནས་བཞད་གད་སློང་མཁན་གྱི་འཁྲབ་སྟོན་པ་སྐད་གྲགས་ཅན་ཞིག་ཀྱང་ཆགས་ཡོད་འདུག

ཕྱི་ལོ་༢༠༢༡ ལོར་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་པའི་ནང་། ཡུ་རོབ་རྒྱལ་ཁབ་ཁག་གི་ཁྲོད་ནས་ཡུག་རེན་དེ་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཆེ་ཤོས་ཡོད་པའི་རྒྱལ་ཁབ་སྡུག་ཤོས་གཉིས་པ་དེ་ཆགས་ཡོད་པ་དང་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་༡༨༠ ནང་ནས་ཨང་རིམ་༡༢༢ པ་དེ་ཆགས་ཡོད་འདུག

ཕྱི་ལོ་༢༠༡༩ ལོར་ཛི་ལན་སི་ཀི་སྲིད་འཛིན་དུ་གྱུར་པ་དང་། སྐབས་དེར་ཁོང་གིས་ཡུག་རེན་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་མེད་པ་བཟོ་རྒྱུ་ནི་ཁོང་གི་ལས་ཀ་གཙོ་བོའི་གྲས་ཤིག་ཡིན་ཞེས་བརྗོད་ཡོད་འདུག

ཕྱི་ལོ་༢༠༢༢ ལོར་ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་ལངས་ནས་བཟུང་ཡུག་རེན་གྱི་སྲིད་འཛིན་གྱིས་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཆེས་མཐོའི་མི་སྣ་ཁ་ཤས་ལས་གནས་ནས་གནས་དབྱུང་བཏང་ཡོད་པའི་གནས་ཚུལ་ཐོན་འདུག །

གསར་འགོད་པ།བློ་བཟང་རྒྱ་མཚོ།