ཡུག་རེན་སྲིད་འཛིན་གྱིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་གཏམ་བཤད་བྱ་རྒྱུ་རེད་འདུག
ཟླ་འདིའི་ཚེས་༡༢ ཉིན་རྒྱལ་སྤྱིའི་གསར་གྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཡུག་རེན་གྱི་རྒྱལ་སྲུང་ཆེད་ཨ་རིའི་རྒྱབ་སྐྱོར་མུ་མཐུད་བྱེད་རྒྱུའི་གལ་ཆེན་རང་བཞིན་དང་། ཡུག་རེན་གྱི་དམག་འཁྲུག་གི་གནས་སྟངས་ཐོག་བཀའ་མོལ་གནང་ཆེད་སྲིད་འཛིན་བྷ་ཌན་གྱིས་ཡུག་རེན་གྱི་སྲིད་འཛིན་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་པ་ལྟར། སྲིད་འཛིན་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༢ ཉིན་ཨ་རི་དང་ཡུག་རེན་གཉིས་ཀྱི་སྲིད་འཛིན་གཉིས་པོས་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་ནས་ཡུག་རེན་གྱི་རྒྱལ་སྲུང་ཆེད་དུ་ཨ་རིས་རྒྱབ་སྐྱོར་མུ་མཐུད་བྱེད་རྒྱུའི་གལ་ཆེན་རང་བཞིན་དང་། ད་ལྟའི་ཡུག་རེན་དང་ཨུ་རུ་སུའི་བར་གྱི་དམག་འཁྲུག་གི་གནས་སྟངས་ཐོག་ལ་བཀའ་མོལ་གནང་རྒྱུ་ཡིན་འདུག
ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཡིས། ཕོ་བྲང་དཀར་པོའི་ནང་གི་མཇལ་འཕྲད་དེས་ཡུག་རེན་གྱི་མི་མང་གིས་ཨུ་རུ་སུའི་བཙན་འཛུལ་ལ་བཀག་འགོག་བྱེད་བཞིན་པར་ཨ་རིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པར་མཚོན་གྱི་རེད་ཅེས་བརྗོད་འདུག
ཟླ་འདིའི་ཚེས་༡༡ ཉིན་ཡུག་རེན་གྱི་སྲིད་འཛིན་ཨ་རི་ལ་འབྱོར་ཡོད་པ་དང་། ཡུག་རེན་དང་ཨུ་རུ་སུའི་བར་དམག་འཁྲུག་ལངས་ནས་བཟུང་། ཁོང་ཉིད་ཨ་རི་ལ་ཕེབས་པ་ཐེངས་གསུམ་པ་དེ་ཆགས་ཡོད་འདུག ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་བརྗོད་གསལ་ལྟར་ན། ཡུག་རེན་སྲིད་འཛིན་གྱིས་ཟླ་འདིའི་ཚེས་༡༢ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་མི་རྣམས་ལ་གཏམ་བཤད་གནང་རྒྱུ་རེད་འདུག
ཨ་རིའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས། ཨ་རིའི་གཞུང་གིས་རྒྱལ་ནང་གི་བདེ་འཇགས་ཆེད་ཨ་རི་དང་མེག་སི་ཀོ་ས་མཚམས་ཁུལ་ལ་རོགས་དངུལ་མང་དུ་གཏོང་དགོས་ཞེས་བརྗོད་ནས། བྷ་ཌན་སྲིད་གཞུང་གིས་ཡུག་རེན་དང་ཨི་སི་རེལ་སོགས་ལ་རོགས་སྐྱོར་གསར་པ་ཨ་སྒོར་ཐེར་འབུམ་༡༡༠ སྤྲོད་རྒྱུ་དེ་བཀག་བྱས་ཡོད་འདུག
རོགས་དངུལ་དེའི་ནང་ཨ་རིའི་གཞུང་གིས་ཡུག་རེན་ལ་རོགས་སྐྱོར་གསར་པའི་ཨ་སྒོར་ཐེར་འབུམ་༦༠ ཚུད་ཡོད་འདུག
ཡུག་རེན་སྲིད་འཛིན་གྱིས་ཨ་རིའི་དམག་དོན་མི་སྣ་ཁག་ཅིག་ལ་གཏམ་བཤད་གནང་བའི་སྐབས། ཁོང་གིས་ཡུག་རེན་གྱིས་དམག་འཁྲུག་བརྒྱབས་པ་ནི་སོ་སོའི་རང་དབང་གཅིག་པུའི་ཆེད་དུ་མིན་པར་གོ་ལ་ཧྲིལ་པོའི་དམངས་གཙོའི་ཆེད་དུ་དམག་འཁྲུག་རྒྱག་གི་ཡོད་ཅེས་དང་། ཨ་རིའི་གཞུང་གིས་ཡུག་རེན་ལ་རོགས་སྐྱོར་ཕྱིར་འགྱངས་བྱས་པ་དེ་ནི་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱི་ཕུགས་བསམ་ལ་མངོན་འགྱུར་བྱུང་བ་རེད་ཅེས་བརྗོད་ཡོད་འདུག
ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་མུ་མཐུད་བཞིན་པའི་ཐོག ལོ་འདིའི་ཕྱི་ཟླ་༡༢ ནང་། ཨུ་རུ་སུའི་སྲིད་འཛིན་གྱིས་དམག་མི་ཁྱོན་བསྡོམས་༡༧༠༠༠༠ དང་། ཡང་ན་དམག་མི་བརྒྱ་ཆ་༡༥% མང་དུ་གཏོང་རྒྱུའི་མཚན་རྟགས་བཀོད་ཡོད་འདུག ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་ལངས་ནས་བཟུང་དམག་མི་མང་དུ་བཏང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་འདུག
ཨུ་རུ་སུའི་བདེ་སྲུང་ལས་ཁུངས་ཀྱིས། ཡུག་རེན་ནང་གི་དམག་འཁྲུག་དང་དེ་བཞིན་བྱང་ཆིངས་སྒྲིག་འཛུགས་(NATO) ་མུ་མཐུད་རྒྱ་སྐྱེད་གཏོང་བཞིན་ཡོད་པ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་འཕྲད་བཞིན་པར་བརྟེན། དམག་མི་མང་དུ་བཏང་བ་རེད་ཅེས་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
