ཡུག་རེན་སྲིད་འཛིན་གྱིས་ཊོམ་གྱི་ཁས་ལེན་དེར་མདུན་བསྐྱོད་ཆེན་པོ་ཞིག་རེད་ཅེས་བསྟོད་བསྔགས་བྱས།
ཁ་སང་གཟའ་ཟླ་བའི་ཉིན་ཡུག་རེན་གྱི་སྲིད་འཛིན་དང་། ཡོ་རོབ་ཀྱི་གནད་ཡོད་འགོ་ཁྲིད་འགའ་ཤས་བཅས་ཨ་རིའི་ཕོ་བྲང་དཀར་པོར་འབྱོར་ཏེ། ཡུག་རེན་དང་ཨ་རིའི་སྲིད་འཛིན་གཙོས་པའི་འགོ་ཁྲིད་ཚོར་ཐུག་འཕྲད་ཀྱིས་དམག་འཁྲུག་མཚམས་འཇོག་ཆེད་གྲོས་མོལ་བྱས་ཡོད་འདུག་ཅིང་། སྐབས་དེར་ཨ་རིས་ཡུག་རེན་གྱི་བདེ་འཇགས་ལ་འགན་འཁུར་རྒྱུའི་ཁས་ལེན་དང་ཡུག་རེན་གྱིས་དེར་མདུན་བསྐྱོད་ཆེན་མོ་ཞེས་བསྟོད་བསྔགས་བྱས། མགྱོགས་མྱུར་ཨ་རི་དང་ཡུག་རེན། དེ་བཞིན་ཨུ་རུ་སུ་བཅས་ཀྱི་སྲིད་འཛིན་དབར་ཐུག་འཕྲད་བྱ་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༩ ཉིན། རྒྱ་གར་གྱི་དུས་བབ་དང་ཉིན་རེའི་ཡིག་ཟམ་གཙོས་པའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་དགོང་མོ་སྟེ་ཨ་རིའི་གཟའ་ཟླ་བའི་ཉིན་ཨ་རིའི་ཕོ་བྲང་དཀར་པོར་ཡུག་རེན་དང་ཨ་རིའི་སྲིད་འཛིན། དེ་བཞིན་ཡོ་རོབ་ཀྱི་འགོ་ཁྲིད་ཁག་ཅིག་བཅས་མཉམ་འཛོམས་ཀྱིས་ཡུག་རེན་དང་ཨུ་རུ་སུ་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སྐོར་གྲོས་བསྡུར་བྱས་ཡོད་འདུག ཐེངས་འདིའི་གྲོས་མོལ་དེ་ཕྱི་ཟླ་༢ པའི་ནང་སྲིད་འཛིན་ཊོམ་དང་ཡུག་རེན་གྱི་སྲིད་འཛིན་བར་གྱི་ཐུག་འཕྲད་སྐབས་དང་མི་འདྲ་བར། ཕྱོགས་གཉིས་ཀ་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་དང་གྲོགས་པོའི་འདུ་ཤེས་ཤིག་བསྟན་ཡོད་པ་མཁས་པ་ཚོས་བརྗོད་འདུག་པ་བཞིན། ཡུག་རེན་གྱི་སྲིད་འཛིན་གྱིས་སྲིད་འཛིན་ཊོམ་དང་ཨ་རིའི་མི་མང་གིས་ཡུག་རེན་ལ་རྒྱབ་སྐྱོར་དང་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སུ་འབད་བརྩོན་བྱས་དང་བྱེད་བཞིན་པ་དེ་ལ་ཐུགས་རྗེ་ཆེ་ཞེས་པའི་ཚིག་དེ་ཐེངས་༡༠ ཙམ་ལབ་ཡོད་པར་བརྗོད་འདུག
འཇར་མན་གྱི་སྲིད་འཛིན་(Friedrich Merz)ཡིས་གནས་སྐབས་དམག་མཚམས་བཞག་ནས་གྲོས་མོལ་བྱས་ན་དམག་འཁྲུག་མཚམས་འཇོག་གི་དུས་ཡུན་རིང་བ་ཡོང་རྒྱུའི་རེ་བ་ཡོད་པ་དང་། རྗེས་མའི་གྲོས་མོལ་སྐབས་སུ་དམག་མཚམས་མ་བཞག་ན་གྲོས་མོལ་ཡོང་རྒྱུ་ཁག་པོ་ཡིན་པ་དང་། ང་ཚོའི་ངོས་ནས་སྲིད་འཛིན་པུ་ཌིན་ལ་གནོན་ཤུགས་གང་མང་སྤྲོད་དགོས་པར་བརྗོད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་རེས་གཟའ་ཟླ་བའི་ཉིན། ཁོང་གིས་ཨུ་རུ་སུའི་སྲིད་འཛིན་དང་ཡུག་རེན་གྱི་སྲིད་འཛིན་གཉིས་དངོས་སུ་ཐུག་འཕྲད་གནང་རྒྱུའི་གྲ་སྒྲིག་འགོ་བཙུགས་ཡོད་པ་དང་། ཐུག་འཕྲད་དེའི་དམིགས་ཡུལ་ནི་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པ་དེ་མཇུག་བསྒྲིལ་རྒྱུའི་ཐབས་ལམ་ཞིག་འཚོལ་ཞིབ་གནང་རྒྱུ་དེ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་འདུག
གསལ་བསྒྲགས་དེ་མ་གནང་གོང་ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་ཁ་པར་ཐོག་སྐར་མ་༤༠ ཙམ་རིང་གོ་བསྡུར་གནང་ཡོད་པ་མ་ཟད། དེ་དང་དུས་མཚུངས་སུ། ཁོང་གི་ཞི་བའི་འབད་བརྩོན་སྐོར་ལ་གྲོས་མོལ་གནང་ཆེད། ཡུག་རེན་གྱི་སྲིད་འཛིན་དང་ཡུ་རོབ་ཀྱི་དབུ་ཁྲིད་གཙོ་བོ་རྣམས་ཕོ་བྲང་དཀར་པོར་འཛོམས་ཡོད་འདུག
མཇལ་འཕྲད་མ་གནང་སྔོན་དུ། ཊོམ་གྱིས་ཡུག་རེན་གྱི་སྲིད་འཛིན་ལ་འདོད་པ་ཡོད་ན། དམག་འཁྲུག་དེ་མཇུག་བསྒྲིལ་ཐུབ་རྒྱུ་རེད། ཡིན་ཡང་། ཞི་བའི་གྲོས་མཐུན་གྱི་ཆ་ཤས་ཤིག་ཏུ་ཡུག་རེན་བྱ་ཆིངས་ནང་འཛུལ་ཞུགས་བྱེད་རྒྱུ་མེད་ཅེས་བརྗོད།
གྲོས་མོལ་སྐབས་སུ། སྲིད་འཛིན་ཊོམ་གྱིས་དམག་འཁྲུག་མཇུག་བསྒྲིལ་རྒྱུའི་གྲོས་མཐུན་གང་འདྲ་ཞིག་གི་ནང་དུ་ཡང་། ཨ་རིས་ཡུག་རེན་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན་པའི་ཁག་ཐེག་གནང་ཡོད་འདུག་ལ། ཁོང་གིས་གསར་འགོད་པ་ཚོ་ལ། ཡུག་རེན་གྱི་བདེ་འཇགས་ཀྱི་ཐད་རོགས་རམ་མང་པོ་ཞིག་ཡོང་རྒྱུ་རེད་ཅེས་དང་།

ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཀྱང་མཉམ་ཞུགས་བྱེད་རྒྱུ་ཡིན་པ་དང་། ལྷག་པར་དུ་ཡུ་རོབ་ནི་ས་གནས་དེར་ཡོད་པའི་རྐྱེན་གྱིས་འགོག་སྲུང་གི་འཐབ་ཕྱོགས་དང་པོ་དེ་ཆགས་ཀྱི་ཡོད་ལ། ཨ་རིས་ཁོང་ཚོར་རོགས་རམ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག ཡུག་རེན་གྱི་སྲིད་འཛིན་གྱིས་ཁས་ལེན་དེར་མདུན་བསྐྱོད་ཆེན་པོ་ཞིག་རེད་ཅེས་བསྟོད་བསྔགས་གནང་བ་དང་། འགན་ལེན་དེ་དག་བདུན་ཕྲག་རྗེས་མ་ནས་ཉིན་༡༠ ནང་ཚུན་དུ་ཤོག་བུའི་ཐོག་དངོས་སུ་གཏན་འབེབས་གནང་རྒྱུ་ཡིན་སྐོར་གསུངས་འདུག
གྲོས་མོལ་གྱི་རྗེས་སུ། སྲིད་འཛིན་ཊོམ་གྱིས་སྤྱི་ཚོགས་དྲྭ་ལམ་དུ། ངས་སྲིད་འཛིན་པུ་ཊིན་ལ་ཁ་པར་བཏང་ནས་སྲིད་འཛིན་པུ་ཊིན་དང་སྲིད་འཛིན་ཛེ་ལེན་སི་ཀི་གཉིས་ཀྱི་དབར་ཐུག་འཕྲད་ཀྱི་གྲ་སྒྲིག་འགོ་བཙུགས་པ་ཡིན། ས་གནས་ནི་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་དང་། ཨུ་རུ་སུ་དང་ཡུག་རེན་གྱི་སྲིད་འཛིན་གཉིས་དང་ངོས་བཅས་ང་ཚོ་ཕྱོགས་གསུམ་གྱི་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན། ལོ་ངོ་བཞི་ལ་ཉེ་བའི་རིང་གི་དམག་འཁྲུག་དེའི་ཐད་འདི་ནི་ཧ་ཅང་བཟང་བའི་གོམ་སྟབས་ཐོག་མ་ཞིག་རེད་ཅེས་སྤེལ་འདུག
ཨུ་རུ་སུའི་སྲིད་འཛིན་གྱིས་གྲོས་མོལ་དེ་ལ་ཁས་ལེན་གནང་ཡོད་མེད་ད་དུང་གསལ་ཁ་མེད་ཅིང་། པུ་ཊིན་གྱི་ཕྱི་འབྲེལ་ལས་དོན་གྱི་སློབ་སྟོན་པ་ཡུ་རི་ཨུ་ཤ་ཀོབ་ཀྱིས། སྲིད་འཛིན་ཊོམ་དང་པུ་ཊིན་གཉིས་ཀས་ཨུ་རུ་སུ་དང་ཡུག་རེན་གྱི་སྐུ་ཚབ་ཚོགས་པའི་དབར་ཐད་ཀའི་གྲོས་མོལ་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་ཅེས་ཨུ་རུ་སུའི་གཞུང་འབྲེལ་གསར་ཁང་༼Tass༽ ལ་བརྗོད་འདུག
ཕོ་བྲང་དཀར་པོའི་ཚོགས་འདུའི་རྗེས་སུ། ཡུག་རེན་གྱི་སྲིད་འཛིན་གྱིས་གསར་འགོད་པ་ཚོ་ལ། གལ་སྲིད་ཨུ་རུ་སུས་ཐུག་འཕྲད་བྱ་རྒྱུའི་འདུན་པ་སྟོན་གྱི་མེད་ན། ང་ཚོས་ཨ་རི་ལ་དེ་དང་མཐུན་པའི་བྱ་སྤྱོད་སྤེལ་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་དང་། དམག་འཁྲུག་མཚམས་འཇོག་ཆེད་ཁོང་ཉིད་ཨུ་རུ་སུའི་སྲིད་འཛིན་དང་ཐུག་འཕྲད་བྱེད་རྒྱུ་ལ་གྲ་སྒྲིག་ཡིན་ཞེས་བརྗོད་འདུག
ཡུག་རེན་གྱི་སྲིད་འཛིན་ཨ་རི་ལ་གཟིགས་སྐོར་མ་གནང་གོང་། ཁོང་གིས་དྲྭ་ཐོག་ཏུ་སྲིད་འཛིན་ཊོམ་ལ་བསྟོད་བསྔགས་གནང་ཡོད་པ་དང་། ཨ་རི་གཅིག་པུར་ཨུ་རུ་སུར་གནོན་ཤུགས་སྤྲད་དེ་ཞི་བདེའི་ལམ་དུ་འཁྲིད་རྒྱུའི་ནུས་པ་ཡོད་ཅེས་སྤེལ་ཡོད་འདུག་ལ། སྲིད་འཛིན་ཊོམ་གྱིས་ཀྱང་དྲྭ་ཐོག་ཏུ། གྲོས་མོལ་གྱི་ཐད་ངས་ཅི་ཞིག་བྱེད་བཞིན་པ་ཤེས་ཀྱི་ཡོད་ཅེས་དང་། ངའི་དམིགས་ཡུལ་ནི་དམག་འཁྲུག་མཚམས་འཇོག་རྒྱུ་དེ་ཡིན་པ་ལས་དམག་འཁྲུག་མུ་མཐུད་དུ་རྒྱག་རྒྱུ་དེ་མིན་ཞེས་ནན་བརྗོད་བྱས་འདུག
ཨ་རིའི་སྲིད་འཛིན་ཊོམ་དང་སྲིད་འཛིན་གཞོན་པ་ཇེ་ཌི་ཝན་སི་གཉིས་དང་ལྷན། གསར་འགོད་པའི་མདུན་དུ་ཁ་རྩོད་དྲག་པོ་ཤོར་ནས་ཟླ་བ་དྲུག་གི་རྗེས་སུ། ཡུག་རེན་གྱི་སྲིད་འཛིན་ཕོ་བྲང་དཀར་པོར་ཕྱིར་ཕེབས་པ་དང་པོ་དེ་ཆགས་ཡོད་འདུག ཐེངས་འདིར་ཁོང་དང་ལྷན་དུ། འཇར་མན་གྱི་སྲིད་བློན་དང་ཧྥ་རན་སིའི་སྲིད་འཛིན། ཨི་ཊ་ལིའི་སྲིད་བློན་དང་དབྱིན་ཇིའི་སྲིད་བློན། ཧྥིན་ལན་ཌའི་སྲིད་འཛིན་དང་ཡུ་རོབ་ལྷན་ཚོགས་ཀྱི་སྲིད་འཛིན། དེ་བཞིན་ནེ་ཊོ་ཀྱི་དྲུང་ཆེ་བཅས་མཉམ་ཞུགས་གནང་ཡོད་འདུག
ཧྥ་རན་སིའི་སྲིད་འཛིན་གྱིས་གྲོས་མོལ་རྗེས། ཡུག་རེན་དང་ཨུ་རུ་སུའི་སྲིད་འཛིན་གཉིས་དབར་གྱི་ཞི་བའི་ཚོགས་འདུ་དེ་བར་གནས་རྒྱལ་ཁབ་སུད་སིར་འཚོག་སྲིད་པ་དང་། ཁོང་གིས་སུད་སིའམ་རྒྱལ་ཁབ་གཞན་ཞིག་ཏུ་འཚོག་རྒྱུ་ལ་སྐུལ་འདེད་བྱེད་བཞིན་ཡོད་ཅེས་བརྗོད་འདུག་ལ། གལ་སྲིད་ཕྱི་འབྲེལ་གྱི་ཐབས་ཇུས་ལམ་ལྷོངས་མ་བྱུང་ན། ཨུ་རུ་སུ་ལ་ཉེས་ཆད་འགེལ་དགོས་པའི་འབོད་སྐུལ་གནང་ཡོད་འདུག
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སེ་གྷ་རཱ་ཧམ་༼Lindsy Graham༽ གྱིས་ཨིག་སི་དྲྭ་ཐོག་ཏུ། ཨ་རིས་ཨུ་རུ་སུ་ནས་སྣུམ་ཉོ་མཁན་གྱི་རྒྱལ་ཁབ་ཁག་ལ་ཉེས་ཆད་བཅད་དེ་ཨུ་རུ་སུའི་དཔལ་འབྱོར་རྩ་མེད་གཏོང་དགོས་ཞེས། དེ་ནི་ཁོང་གི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ་གཉིས་ལ་བསམ་ཚུལ་ཡིན་ཞེས་བརྗོད་འདུག
གསར་ཁང་༼CNN༽ ཡི་གནས་ཚུལ་ལུང་དྲངས་ནས་སྤེལ་གསལ་ལྟར་ན། ཡུག་རེན་གྱི་སྲིད་འཛིན་གྱིས་ཡུག་རེན་གྱིས་ཨ་སྒོར་ཐེར་འབུམ་༩༠ ཡིས་ཨ་རིའི་མཚོན་ཆ་ཉོ་རྒྱུའི་འཆར་གཞི་ཡོད་པ་གཏན་འཁེལ་གནང་ཡོད་པ་དང་། དེའི་མ་དངུལ་ཡུ་རོབ་ནས་མཁོ་སྤྲོད་བྱ་རྒྱུ་དང་། འདི་ནི་ཁོང་གིས་སྲིད་འཛིན་ཊོམ་དང་གྲོས་མོལ་གནང་སྐབས་བཀའ་བསྡུར་གནང་བའི་རྒྱ་ཆེ་བའི་བདེ་འཇགས་འགན་ལེན་གྱི་ཆ་ཤས་ཤིག་ཡིན་པར་བརྗོད་འདུག
སྤྱིར་ཟླ་འདིའི་ཚེས་༡༦ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༨ ཚེས་༡༥ ཉིན། ཨ་རི་དང་ཨུ་རུ་སུའི་སྲིད་འཛིན་གཉིས་ཨ་རིའི་མངའ་སྡེ་ཆེ་ཤོས་༼Alaska༽ ལ་མཇལ་འཕྲད་གནང་ཡོད་འདུག མཇལ་འཕྲད་དེ་ནི་ཨུ་རུ་སུའི་སྲིད་འཛིན་ལོ་ངོ་བཅུའི་རྗེས་སུ་ཨ་རི་ལ་ཕྱིན་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་མ་ཟད། ཡུག་རེན་གྱི་དམག་འཁྲུག་འགོ་བཙུགས་ནས་བཟུང་། ཨ་རི་དང་ཨུ་རུ་སུའི་སྲིད་འཛིན་གཉིས་དངོས་སུ་གདོང་ཐུག་བྱུང་ནས་གྲོས་མོལ་བྱས་པ་ཡང་དང་པོ་ཆགས་ཀྱི་ཡོད་འདུག
སྲིད་འཛིན་གཉིས་ཀྱིས་དུས་ཡུན་ཆུ་ཚོད་གསུམ་ཙམ་གྱི་རིང་། གྲོས་མོལ་བྱས་ཡོད་ན་ཡང་། དམག་འཁྲུག་མཚམས་འཇོག་གམ་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་བྱུང་མེད། ལྷག་པར་དུ་གསར་འགོད་པ་རྣམས་ལ་མཇལ་འཕྲད་ཀྱི་གྲུབ་འབྲས་སྐོར་གྱི་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་བྱས་མེད་པ་མ་ཟད། སྲིད་འཛིན་གཉིས་ཀས་གསར་འགོད་པའི་དྲི་བ་དང་ལེན་བྱས་མེད། ཨ་རིའི་སྲིད་འཛིན་གྱིས་ཁོང་རྣམ་གཉིས་ཀྱི་གྲོས་མོལ་སྐོར། ནེ་ཊོ་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་ཡུག་རེན་གྱི་སྲིད་འཛིན། དེ་བཞིན་གཞན་དང་གོ་བསྡུར་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
ཐེངས་འདིའི་མཇལ་འཕྲད་སྐབས། ཨ་རིའི་སྲིད་འཛིན་གྱི་ཕྱོགས་ནས་ཕྱི་སྲིད་དྲུང་ཆེ་དང་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་མཱ་ཁོ་རུ་བྷི་དང་། དམིགས་བསལ་སྐུ་ཚབ་སི་ཊིབ་ཝི་ཀོ་དང་། ཨུ་རུ་སུའི་སྲིད་འཛིན་ཕྱོགས་ནས། ཕྱི་སྲིད་བློན་ཆེན་སེར་གྷེ་ལཱ་རོབ་དང་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཡུ་རི་ཨུ་ཤཱ་ཀོབ་བཅས། ཁོང་གཉིས་དང་ལྷན་དུ་རང་རང་གི་ལས་རོགས་གཙོ་བོ་གཉིས་རེ་མཉམ་ཞུགས་གནང་ཡོད་འདུག
ཕྱི་ལོ་༢༠༢༢ ལོར། ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པར་བརྟེན། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ཁེར་རྐྱང་དུ་འཇོག་ཐབས་དང་། སྲིད་འཛིན་པུ་ཊིན་ནི་རྒྱལ་ཁབ་མང་པོས་ཟུར་འབུད་བྱས་པའི་དབུ་ཁྲིད་ཅིག་ཏུ་གྱུར། དམག་འཁྲུག་འགོ་བཙུགས་ནས་བཟུང་། ཁོང་གི་རྒྱལ་སྤྱིའི་འགྲུལ་བཞུད་ནི་བྱང་ཀོ་རི་ཡ་དང་བྷེ་ལ་རུ་སི་ལྟ་བུའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཙམ་དུ་ཟད། ཡིན་ཡང་། ཁ་སང་ཨ་རིའི་སྲིད་འཛིན་གྱིས་ས་གདན་དམར་པོ་བཏིང་ཞིང་དགའ་བསུ་དང་བཅས་ཕེབས་བསུ་ཞུས་པས། སྲིད་འཛིན་པུ་ཊིན་ལ་མཚོན་ན། དེ་ནི་དུས་སྐབས་དམིགས་བསལ་ཅན་ཞིག་དང་རྒྱལ་ཁ་ཞིག་ཆགས་ཡོད་པར་བརྗོད་འདུག
ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་འགོ་བཙུགས་ནས་ད་བར་ལོ་ངོ་གསུམ་ལྷག་འགྲོ་བཞིན་ཡོད་པ་དང་། དམག་འཁྲུག་དེའི་དབང་གིས། འཛམ་གླིང་ནང་སྐྱབས་བཅོལ་བ་མང་དུ་འགྲོ་བ་དང་། རྒྱལ་སྤྱིའི་འབྲེལ་ལམ་ཛ་དྲག་ཏུ་ཕྱིན་པ། དཔལ་འབྱོར་ཉམས་རྒུད། དེ་བཞིན་འཛམ་གླིང་བདེ་འཇགས་ལ་ཉེན་ཁ་བཟོས་པ་སོགས་ཀྱི་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ་དང་བསོད་ནམས་ཕུན་ཚོགས།