ཡེ་མན་ནང་ལོ་ལྔ་མན་ཆོད་ཀྱི་བྱིས་པ་ཁྲི་ཕྲག་མང་པོ་ལྟོག་ཤི་ཐེབས་ཡོད་འདུག
དུས་རབས་ཉི་ཤུ་རྩ་གཅིག་ནང་གི་རྩོད་རྙོག་ཆེ་གྲས་སུ་བརྩི་བཞིན་པའི་ཡེ་མན་གྱི་དམག་འཁྲུག་ཁྲོད། ལོ་ལྔ་མན་ཆོད་ཀྱི་བྱིས་པ་བརྒྱད་ཁྲི་ལྔ་སྟོང་ཙམ་ལྟོག་ཤི་ཐེབས་ཡོད་པར་ཚོད་དཔག་བྱེད་བཞིན་འདུག་པ་དང་། དམག་འཁྲུག་མུ་མཐུད་འགྲོ་བཞིན་ཡོད་པས། གནས་སྟངས་དེ་ལས་ཚབས་ཆེ་བ་ཆགས་ཉེན་ཡོད་འདུག
ཟླ་༡༡ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དབྱིན་ཡུལ་གྱི་རོགས་ཚོགས་བྱིས་པ་རོགས་སྐྱོབ་ཅེས་པ་དེས། མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲངས་ཐོ་ལ་དཔྱད་ཞིབ་བྱས་པ་བརྒྱུད། ཕྱི་ལོ་༢༠༡༥ ལོའི་ཟླ་༤ པ་ནས་ཕྱི་ལོ་༢༠༡༨ ལོའི་ཟླ་༡༠ པ་བར། ཡེ་མན་ནང་དུ་ལོ་ལྔ་མན་ཆོད་ཀྱི་བྱིས་པ་༨༤༧༠༡ ཟས་བཅུད་མ་འདང་བའི་རྐྱེན་གྱིས་ཤི་ཡོད་འདུག
མཉམ་འབྲེལ་རྒྱལ་ཁབ་ཀྱིས་ལོ་གསུམ་ལས་མང་བ་འགྲོ་བཞིན་པའི་ཡེ་མན་གྱི་དམག་འཁྲུག་དེ་མཚམས་འཇོག་ཡོང་བའི་རེ་བ་དང་ཐབས་ཤེས་གང་ཡོང་བྱས་ཀྱང་། དམག་འཁྲུག་མུ་མཐུད་འགྲོ་བཞིན་ཡོད་པས། ཡེ་མན་ནང་དུ་སྨན་རིགས་དང་ཟས་རིགས་སོགས་རོགས་ཚོགས་རྣམས་ལ་འོར་འདྲེན་བྱེད་པར་དཀའ་ལས་ཁག་པོ་དང་དུས་ཚོད་རིང་བ་འགོར་གྱི་ཡོད་འདུག་པས། མི་མང་ས་ཡ་༡༤ ལྷག་ལྟོག་ཤི་ཐེབས་པའི་ཉེན་ཁ་ཡོད་པ་རེད་འདུག
ཡེ་མན་ནང་གི་བྱིས་པ་རོགས་སྐྱོབ་ཚོགས་པའི་འགན་འཛིན་གྱིས། བྱིས་པ་རྣམས་ཀྱི་དབང་པོ་རྣམས་ཀྱི་བྱེད་ལས་དལ་དུ་ཕྱིན་ཏེ། མཐའ་མར་མཚམས་ཆད་ནས་ཤི་འགྲོ་ཡི་ཡོད་པ་དང་། དེ་དག་གི་ནད་འགོག་མ་ལག་ཤིན་ཏུ་སྐྱོ་པོ་ཆགས་པ་དང་ཁག་ཅིག་ནི་ངུ་བའི་ནུས་ཤུགས་ཀྱང་མེད་པ་ཆགས་ཀྱི་ཡོད་པས། ཕ་མ་རྣམས་ཀྱིས་རང་གི་བྱིས་པ་དེ་ལྟར་ཤི་འགྲོ་ཡི་ཡོད་པ་མཐོང་གི་ཡོད་ཀྱང་། བྱེད་ཐབས་གང་ཡང་མེད་པ་ཆགས་ཀྱི་ཡོད་སྐོར་བརྗོད་ནས། ད་ལྟའི་ཆར་དམག་འཁྲུག་ལ་བརྟེན་ནས་ས་མཚམས་ཁག་ཅིག་བཀག་འགོག་བྱས་ཡོད་པ་ལ་བརྟེན་ནས། རོགས་སྐྱོར་དགོས་མཁོ་ཆེ་བའི་མི་མང་རྣམས་ལ་དུས་ཐོག་ཏུ་རོགས་སྐྱོར་ཐོབ་པར་དུས་ཚོད་ལྡབ་གསུམ་གྱིས་མང་བ་འགོར་གྱི་ཡོད་ཚུལ་བརྗོད་འདུག
མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཕྱི་ལོ་༢༠༡༨ ལོར་བྱིས་པ་འབུམ་བཞི་ཙམ་ལ་ཟས་བཅུད་མ་འདང་བའི་དཀའ་ངལ་ཚབས་ཆེན་འཕྲད་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག
མཉམ་འབྲེལ་རྒྱལ་ཁབ་ཀྱིས་མིས་བཟོས་པའི་གོད་ཆགས་ཚབས་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་པའི་ཡེ་མན་གྱི་དམག་འཁྲུག་ཆེན་མོ་དངོས་སུ་ཕྱི་ལོ་༢༠༡༥ ལོར་འགོ་བཙུགས་བྱས་ཡོད་ཀྱང་། དེའི་རྩ་བ་དེ་ནི་ཕྱི་ལོ་༢༠༡༡ ལོར་ཨ་རབ་ཀྱི་གསར་བརྗེ་ཆེན་མོའི་རྗེས་སུ། ཡེ་མན་ནང་དུ་མི་མང་གྱེན་ལངས་ཆེན་པོ་བྱུང་ནས། རྒྱལ་ནང་དུ་བརྟན་བརླིང་ཡོང་ཆེད་རྒྱུན་རིང་དུ་རྒྱལ་ཁབ་དེར་དབང་ཆ་གཅིག་སྡུད་ཀྱི་དབང་འཛིན་བྱེད་མཁན་སྲིད་འཛིན་ཨཱ་ལི་ཨབ་ཌུལ་སཱ་ལི་ཡིས། རང་གི་དབང་ཚད་དེ་སྲིད་འཛིན་གཞོན་པ་ཨབ་ཌར་བྷུ་མན་སོར་ཧཱ་ཌི་ལ་རྩིས་སྤྲོད་བྱས་པའི་དང་འབྲེལ་བ་ཡོད་པ་རེད། དེ་ཡང་སྲིད་འཛིན་གསར་པ་དེའི་སྐབས་སུ་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་དང་། རྒྱལ་ཁབ་ཀྱི་ལྷོ་ཕྱོགས་སུ་ཁ་བྲལ་གྱི་གྱེན་ལངས། དེ་བཞིན་རྒྱལ་ཁབ་དམག་གི་དཔོན་རིགས་མང་པོ་ཞིག་སྲིད་འཛིན་རྙིང་པར་མུ་མཐུད་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། རྒྱལ་ཁབ་ནང་དུ་ལྐོག་ཟ་རུལ་སུངས་དང་། ལས་མེད། ཟས་རིགས་ཀྱི་བདེ་འཇགས་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐབས་སུ། དེ་སྔོན་སྲིད་འཛིན་རྙིང་པའི་སྐབས་ནས་གྱེན་ལངས་དམག་འཁྲུག་བྱེད་མཁན་ཁ་ཆེ་ཤཱི་ཡ་སྡེ་ཚན་གྱི་དམག་དཔུང་ཧའུ་ཐི་ཞེས་པ་དེས། སྲིད་འཛིན་གསར་པ་ནུས་མེད་ངང་ལྷག་པའི་གནས་སྟངས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། རྒྱལ་ཁབ་ཀྱི་བྱང་ཕྱོགས་ཀྱི་ས་ཁུལ་ཁག་ཅིག་དབང་བསྒྱུར་བྱས་ཡོད་པ་རེད། ཕྱི་ལོ་༢༠༡༤ ལོར་ཧའུ་ཐེ་དམག་དཔུང་དང་སྲིད་འཛིན་རྙིང་པར་རྒྱབ་སྐྱོར་བྱེད་མཁན་དམག་མི་ཚོས། རྒྱལ་ཁབ་སྤྱི་ཡོངས་དབང་བསྒྱུར་བྱེད་ཐབས་བྱས་པས། སྲིད་འཛིན་གསར་པ་དེ་བྲོས་བྱོལ་དུ་འགྲོ་དགོས་ཁེལ་འདུག
གྱེན་ལངས་ཤོག་ཁག་དེར་དཀྱིལ་ཤར་ཡུལ་གྲུའི་ནང་ཁ་ཆེ་ཤི་ཡ་སྡེ་ཚན་མང་མོས་ཡིན་པའི་ཨི་རན་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་སེམས་འཚབ་ཀྱིས། ཁ་ཆེ་སུ་ནཱི་མང་མོས་ཡིན་པའི་ཁུལ་དེའི་རྒྱལ་ཁབ་སོ་ཌི་ཨ་རབ་གཙོས་པའི་རྒྱལ་ལཁབ་ཁག་གིས། གྱེན་ལངས་ཤོག་ཁག་དེར་གནམ་ཐོག་ནས་དྲག་རྒོལ་བྱེད་འགོ་བཙུགས་པ་དང་། དྲག་རྒོལ་དེར་དམག་བྱུས་དང་གནས་ཚུལ་མཁོ་སྤྲོད་སོགས་ཀྱི་རྒྱབ་སྐྱོར་བྱེད་མཁན་ཨ་རི་དང་དབྱིན་ཡུལ། ཧྥ་རན་སི་བཅས་ཡོད་འདུག རྗེས་སུ་སོ་ཌི་ཨ་རབ་གཙོས་པའི་ཨ་རབ་ཀྱི་རྒྱལ་ཁབ་གཞན་གྱི་མཐུན་ཕྱོགས་དམག་མི་རྣམས། ས་ཐོག་དངོས་སུ་དམག་འཐབ་བྱེད་འགོ་བཙུགས་ནས། གྱེན་ལངས་རུ་ཁག་དེ་རྩ་མེད་བཟོས་ཏེ་སྲིད་འཛིན་གསར་པ་དེར་དབང་ཚད་བསྐྱར་གསོ་བྱེད་རྒྱུའི་དམིགས་ཡུལ་བཅང་གི་ཡོད་འདུག
དཀྱིལ་ཤར་ཡུལ་གྲུའི་ནང་གི་རྒྱལ་ཁབ་སྟོབས་ཤུགས་ཆུང་ཤོས་གྲས་ཀྱི་ཡེ་མན་རྒྱལ་ཁབ་ཀྱི་དམག་འཁྲུག་ནང་། ཁུལ་དེའི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་ཆབ་སྲིད་དང་དམག་བྱུས་ཀྱི་དགོས་མཁོ་ལ་གཞིགས་ནས། ཤོག་ཁག་མི་འདྲ་བར་རྒྱབ་སྐྱོར་བྱས་ནས། དམག་འཁྲུག་ཚབས་ཆེན་འགྲོ་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་མི་མང་ས་ཡ་༣ ལས་མང་བ་རང་ཁྱིམ་བསྐྱུར་ནས་བྲོས་བྱོལ་འགྲོ་དགོས་འཁེལ་འདུག་པ་དང་། ས་ཡ་༢ ཙམ་ད་དུང་ཡང་གནས་ཡུལ་ངེས་མེད་ངང་ལྷག་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།