ཡེ་ཤུའི་ཆོས་དཔོན་ཚོས་ཕྲུ་གུ་གཅིག་སྟོང་ལས་མང་བར་བཙན་དབང་འཁྲིག་སྤྱོད་བྱས་ཡོད་འདུག
ཡེ་ཤུའི་ལྷ་ཁང་ནང་ཆོས་འཆད་མཁན་དང་ཆོས་བྱེད་མི་སྣ་ཆོས་དཔོན་སོགས་ཀྱིས་ལོ་མང་རིང་ཕྲུག་གུ་མང་པོར་བཙན་དབང་འཁྲིག་སྤྱོད་བྱས་པའི་གནས་ཚུལ་མང་པོ་ཐོན་བཞིན་པ་དང་བསྟུན། ཨ་རིའི་མངའ་སྡེའི་ནང་ཆོས་དཔོན་ཚོས་ཕྲུ་གུ་སྟོང་ཕྲག་མང་པོར་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་བཏང་བའི་ཞིབ་འཇུག་སྙན་ཐོ་བཏོན་འདུག
ཟླ་༨ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་མངའ་སྡེ་པཱེན་སིལ་ཝེ་ནི་ཡ་(Pennsylvania) ཁྲིམས་ཁང་ཞིག་གི་བཤེར་དཔང་ལྷན་ཚོགས་ཀྱིས་ལོ་གཉིས་རིང་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོ་བཏོན་ནས་གསར་འགོད་ལྷན་ཚོགས་བསྐོངས་ཡོད་འདུག་པ་དང་། སྙན་ཐོའི་ནང་མངའ་སྡེ་དེའི་ཆོས་གཞིས་༦ ནང་གི་ཆོས་དཔོན་ཚོས་འདས་མ་ཐག་པའི་ལོ་༧༠ ཡི་ནང་ཕྲུ་གུ་༡༠༠༠ ལས་མང་བར། ཡེ་ཤུ་ཁེ་ཐོ་ལེག་(Catholic) ཆོས་དཔོན་ཚོས་བཙན་དབང་འཁྲིག་སྤྱོད་བྱས་ཡོད་པ་དང་། གྲུབ་དོན་དེ་དག་ལྷ་ཁང་གི་གྲངས་ཐོ་ལ་གཞིགས་ནས་གསལ་པོ་ཆགས་ཡོད་ཁར། ད་དུང་སྙན་སེང་མ་ཞུས་མཁན་གནོད་འཚེ་འཕོག་མཁན་ཕྲུག་གུ་སྟོང་ཕྲག་མང་པོ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག
བཤེར་དབང་ལྷན་ཚོགས་ཀྱིས་ནག་ཉེས་པ་ཆོས་དཔོན་༣༠༠ ལས་མང་བ་མིང་འདོན་བྱས་འདུག་པ་དང་། ལོ་མང་རིང་ཕྲུ་གུར་བཙན་དབང་འཁྲིག་སྤྱོད་ཀྱི་གནད་དོན་ལྷག་སྐབས། མཐོ་རིམ་ཆོས་དཔོན་ཚོས་གནད་དོན་དེ་རིགས་ཕྱིར་མི་ཐོན་པའི་ཆེད་དུ། གནོད་འཚེ་འཕོག་ཡུལ་དང་ཉེན་རྟོག་པ་སོགས་ཀྱི་ཁ་བཀག་ཡོད་སྐོར་བརྗོད་འདུག གནོད་འཚེ་འཕོག་ཡུལ་ནང་ཕྲུ་གུ་བུ་དང་བུ་མོ། དེ་བཞིན་གཞོན་སྐྱེས་རྣམས་ལ་ཡང་ཡོད་འདུག
གནོད་འཚེ་འཕོག་ཡུལ་མང་པོ་ཞིག་གིས་ཁོ་ཚོས་བཟི་སྨན་སྤྲད་པའམ་གཡོ་བྱུས་འོག་བཙན་དབང་འཁྲིག་སྤྱོད་བྱས་ཡོད་པ་དང་། ཁག་ཅིག་གིས་གནད་དོན་དེ་རིགས་རང་གི་ནང་མིར་བརྗོད་སྐབས། ཡིད་ཆེས་མ་བྱས་པར་རྡུང་རྡེག་མྱངས་དགོས་བྱུང་སྐོར་བརྗོད་འདུག
པཱེན་སིལ་ཝེ་ནི་ཡ་མངའ་སྡེའི་ནང་ཡེ་ཤུ་ཁེ་ཐོ་ལེག་རྗེས་འཇུག་པ་ས་ཡ་༣ ལས་མང་བ་ཡོད་འདུག དེང་གི་ཨོ་སི་ཀྲོ་ལི་ཡ་གཙོས་ཨ་རི་སོགས་ཡེ་ཤུ་ཁེ་ཐོ་ལེག་ཆོས་དཔོན་གྱིས། ཕྲུ་གུ་མང་པོར་བཙན་དབང་འཁྲིག་སྤྱོད་བྱས་པའི་གནས་ཚུལ་མང་པོ་ཕྱིར་ཐོན་བཞིན་ཡོད་པ་དང་། ཁྲིམས་ཐག་ཀྱང་གཅོད་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།