ར་ཡུག་གི་དམག་འཁྲུག་མཚམས་འཇོག་ཆེད་ཡིག་ཆ་ཞིག་ཕྱི་ལ་ཤོར་འདུག

ད་ལྟའི་ཆར་ར་ཤི་ཡ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སུ་ཨ་རི་དང་ཨུ་རུ་སུ་གཉིས་བར་གྲོས་མོལ་བྱས་ཡོད་འདུག་ཅིང་། བདུན་ཕྲག་སྔོན་མ་ཨ་རིས་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ཀྱི་དོན་ཚན་༢༨ ཅན་ཞིག་ཡུག་རེན་ལ་སྤྲད་ཡོད་འདུག

པར། བྷི་བྷི་སི།

ཕྱི་ལོ་༢༠༢༥ ཟླ་བ་༡༡ ཚེས་༢༦ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ། ཉེ་ཆར་ཨ་རིའི་སྲིད་འཛིན་ཊོམ་གྱི་སྐུ་ཚབ་(Steve Witkoff)དང་ར་ཤི་ཡའི་སྲིད་འཛིན་གྱི་སྐུ་ཚབ་(Kirill Dmitriev)གཉིས་ཀྱིས་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ཀྱི་དོན་ཚན་༢༨ ཅན་གྱི་ཡིག་ཆ་ཞིག་བཟོས་ཡོད་འདུག་པ་དང་། ཉེ་ཆར་གཟའ་ཉི་མའི་ཉིན་ཨ་རི་དང་ཡུག་རེན་གཉིས་ཀྱི་ཆེས་མཐོའི་སྐུ་ཚབ་བར་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་(Geneva) གྲོས་མོལ་བྱས་ཡོད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་སྤྱི་ཚོགས་དྲ་ལམ་དུ་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་རྗེས་མ་ཨ་རིའི་སྐུ་ཚབ་(Steve Witkoff)ར་ཤི་ཡའི་སྲིད་འཛིན་པུ་ཌིན་དང་ར་ཤི་ཡའི་རྒྱལ་སར་ཐུག་འཕྲད་བྱེད་རྒྱུའི་འཆར་འགོད་བྱས་ཟིན་ཞེས་བརྗོད་འདུག་ལ། དེ་བཞིན་ཨ་རིའི་དམག་སྡེའི་དྲུང་ཆེན་ (Dan Driscoll)བདུན་ཕྲག་འདིའི་ནང་ཡུག་རེན་གྱི་འགོ་ཁྲིད་དང་ཐུག་འཕྲད་བྱེད་རྒྱུ་ཡིན་པ་ལས་སུ་དང་ཐུག་འཆར་ཡོད་མེད་གང་ཡང་བཤད་མི་འདུག
ཁ་སང་ཡུག་རེན་གྱི་སྲིད་འཛིན་གྱིས་ཁོང་ཨ་རིའི་སྲིད་འཛིན་དང་གང་མགྱོགས་ཐུག་འཕྲད་གྲ་སྒྲིག་ཡོད་པ་དང་། ཁོང་དང་ཁོང་གི་སྲིད་གཞུང་ནས་ལོ་འདི་མ་རྫོགས་སྔོན་དུ་ཨ་རིའི་སྲིད་འཛིན་དང་ཐུག་འཕྲད་ཅིག་བྱེད་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་དང་། ངས་ཨ་རིའི་དང་སྲིད་འཛིན་ཊོམ་གཉིས་ཀྱི་ཕྱོགས་ལ་ཡོད། དམག་འཁྲུག་དེ་མཚམས་འཇོག་ཡོང་དང་མི་ཡོང་ནི་ཨ་རི་ལ་རག་ལས་ཡོད། ར་ཤི་ཡའི་ངོས་ནས་ཨ་རིའི་སྟོབས་ཤུགས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅེས་བརྗོད་འདུག
སྲིད་འཛིན་ཊོམ་གྱིས་ཁོང་ཡུག་རེན་དང་ར་ཤི་ཡ་གཉིས་ཀྱི་སྲིད་འཛིན་དང་ཐུག་འཕྲད་བྱེད་རྒྱུ་ཡིན་ཡང་། དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་ཆེས་མཐའ་མའི་ཐག་གཅོད་ཅིག་མ་བྱུང་བར་ཐུག་རྒྱུ་མིན་ཞེས་བརྗོད་འདུག ར་ཤི་ཡའི་ཕྱི་སྲིད་བློན་ཆེན་(Sergei Lavrov)གྱིས་དེ་སྔོན་བཟོས་པའི་དོན་ཚན་རྣམས་ལ་མོས་མཐུན་བྱེད་ཀྱི་ཡོད་པ་ལས་དོན་ཚན་དེ་དག་ལ་བཟོ་བཅོས་བརྒྱབ་ཚེ་ངོས་ལེན་བྱེད་རྒྱུ་མིན་པའི་ཉེན་བརྡ་བཏང་ཡོད་འདུག དོན་ཚན་༢༨ དེ་ལ་ཡུ་རོབ་ཀྱི་འགོ་ཁྲིད་ཚོས་ཐེ་ཚོམ་ཟ་བཞིན་ཡོད་འདུག་ཅིང་། འདས་པའི་ལོ་བཞིའི་རིང་དམག་འཁྲུག་མཚམས་འཇོག་བྱེད་ཐུབ་མེད་པ། ད་ལྟ་གློ་བུར་དམག་མཚམས་འཇོག་རྒྱུ་ཁག་པོ་ཡིན་པ་མ་ཟད། གལ་སྲིད་ད་ལྟ་དམག་འཁྲུག་མཚམས་འཇོག་བྱེད་ཐུབ་ཀྱང་། མ་འོངས་པའི་ཡུག་རེན་གྱི་བདེ་འཇགས་ལ་འགན་ལེན་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན་སྐོར་གྱི་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་འདུག
ཉེ་ཆར་ཧྥ་རན་སིའི་སྲིད་འཛིན་དང། དབྱིན་ཡུལ་སྲིད་བློན་གཉིས་ཀྱི་སྣེ་ཁྲིད་ནས་ཡུག་རེན་གྱི་བདེ་འཇགས་གནད་དོན་སྐོར་གྱི་ཚོགས་འདུ་ཞིག་འཚོགས་ཡོད་འདུག་ཅིང་། སྐབས་དེ་དུས་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Marco Rubio)ཡང་ཚོགས་འདུའི་ཐོག་ཏུ་མཉམ་ཞུགས་བྱས་ཡོད་འདུག་པ་དང་། ཚོགས་འདུའི་ཐོག་ཡུ་རོབ་དང། ཨ་རི་གཉིས་ཀྱི་མཉམ་འབྲེལ་ཐོག་ནས་ཡུག་རེན་གྱི་མ་འོངས་པའི་བདེ་འཇགས་འགན་སྲུང་ཆེད་ཤུགས་རྒྱག་དགོས་སྐོར་བརྗོད་ཡོད་འདུག
འོན་ཀྱང་། ཡུག་རེན་སྲིད་འཛིན་གྱིས་ད་ལྟ་འགག་རྩ་གཙོ་བོ་ནི་སྲིད་འཛིན་པུ་ཌིན་གྱིས་ཡུག་རེན་གྱི་ས་ཆ་ར་ཤི་ཡས་འཕྲོག་པ་རྣམས་ཁྲིམས་ཐོག་ནས་ཨུ་རུ་སུའི་མངའ་ཁོངས་ཡིན་པ་ངོས་ལེན་བྱེད་དགོས་ཞེས་བརྗོད་པ་དེ་ཡིན་ཞེས་བརྗོད་འདུག
དམག་འཁྲུག་མཚམས་འཇོག་གི་དོན་ཚན་༢༨ ཅན་དེའི་ནང་དམག་འཁྲུག་མཚམས་འཇོག་བྱེད་པ་ལ་ཡུག་རེན་གྱི་ས་ཆ་ར་ཤི་ཡས་འཕྲོག་པ་རྣམས་ར་ཤི་ཡར་སྤྲོད་དགོས་པ་དང་། དམག་འཁྲུག་མཚམས་འཇོག་རྗེས་སུ་ཡུག་རེན་བྱང་ཆིངས་སྒྲིག་འཛུགས་ནང་འཛུལ་མི་ཆོག་པ། ཡུག་རེན་གྱི་དམག་མི་འབུམ་དྲུག་ལས་བརྒལ་ནས་ཉར་མི་ཆོག་པ་སོགས་ཀྱི་དོན་ཚན་མང་པོ་ཞིག་ཡོད་འདུག ད་ལྟ་རྩོད་རྙོག་ཅིག་འབྱུང་བཞིན་པ་ནི་ཨ་རིའི་སྐུ་ཚབ་དང་ཡུག་རེན་གྱི་སྐུ་ཚབ་གཉིས་བར་གྲོས་མོལ་བྱས་རྗེས་དོན་ཚན་༢༨ ཅན་གྱི་ཡིག་ཆ་གཞན་དེ་དང་འདྲ་མཚུངས་ཤིག་བཟོས་ཡོད་པ་ཞིག་གཞུང་འབྲེལ་གྱིས་ཕྱིར་མ་བཀྲམ་སྔོན། ཡིག་ཆ་དེ་ཕྱིར་སྤྱི་ཚོགས་དྲ་ལམ་དུ་ཤོར་ནས་གླེང་སློང་ཆེན་པོ་བྱེད་བཞིན་འདུག ཕྱིར་ཤོར་དུ་འཇུག་མཁན་ནི་ཡུག་རེན་རེད་ཅེས། ཨ་རིའི་སྐུ་ཚབ་ཚོས་ཡུག་རེན་གྱི་སྐུ་ཚབ་ཚོའི་སྟེང་ཁོང་ཁྲོའི་རྣམ་འགྱུར་དང་། ཐེངས་འདིར་ཕན་ཚུན་བར་ཁ་རྩོད་ཀྱང་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག
ཡུ་རོབ་ཀྱི་འགོ་ཁྲོད་ཚོས་ཡུག་རེན་ནང་གི་དམག་འཁྲུག་དེ་མཚམས་འཇོག་ཡོང་ཐབས་ཀྱི་དོན་ཚན་༢༨ ཅན་ཞིག་བཟོས་ཡོད་འདུག་ཅིང་། དེའི་ནང་གི་གནས་ཚུལ་གཙོ་བོ་དག་ནི། ༡ ཡུག་རེན་གྱི་རང་བཙན་དང་། མངའ་ཁོངས་བདག་དབང་ལ་བསྐྱར་དུ་ཁས་ལེན་དགོས་པ། ༢ དམག་འཁྲུག་མེད་པའི་སྐབས་སུ། ཡུ་དམག་གི་གྲངས་དེ་འབུམ་༨ ལས་བརྒལ་མི་ཆོག་པ། ༣ ཡུག་རེན་ལ་བདེ་སྲུང་ཁས་ལེན་ཡག་པོ་ཞིག་དགོས་པ་དང་། ཨ་རིས་ཡུག་རེན་ལ་ནུབ་ཆིངས་ཀྱི་རྩ་འཛིན་དོན་ཚན་ལྔ་པ་ལྟ་བུའི་བདེ་སྲུང་ཁས་ལེན་ཅིག་སྤྲོད་རྒྱུ། གལ་སྲིད་སླར་ཡང་ར་དམག་གིས་ཡུག་རེན་ལ་ཚུར་རྒོལ་བྱས་ཚེ། མཉམ་འབྲེལ་དམག་དཔུང་གིས་རྒོལ་ལན་བསློག་རྒྱུ་སོགས་འཁོད་ཡོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།