ར་ཤི་ཡའི་སྲིད་འཛིན་སྲིད་འཛིན་གྱི་ལས་ཡུན་ལོ་༡༢ ཙམ་རིང་དུ་བཏང་ན་ཆོག་པའི་ཁྲིམས་བཟོས་འདུག
ར་ཤི་ཡའི་སྲིད་འཛིན་པུའུ་ཊིན་གྱིས་ཁོ་རང་སླར་ཡང་ལོ་དྲུག་རེ་ཅན་གྱི་སྲིད་འཛིན་གྱི་ལས་ཡུན་གཉིས་ལ་སྡོད་ཆོག་པའི་ཁྲིམས་གསར་པར་མཚན་རྟགས་བཀོད་དེ། ཁོ་རང་ཕྱི་ལོ་༢༠༣༦ བར་སྲིད་འཛིན་དུ་བསྡད་ན་ཆོག་པ་བཟོས་འདུག
སྲིད་འཛཱིན་པུའུ་ཊིན་གྱིས་ན་ནིང་ནས་ར་ཤི་ཡའི་རྩ་ཁྲིམས་ལ་འགྱུར་བཏང་སྟེ་ལས་ཐོག་སྲིད་འཛིན་གྱི་ལས་ཡུན་རིང་དུ་གཏོང་རྒྱུའི་གྲོས་འཆར་བཏོན་པ་ལྟར། བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ཉིན་དངོས་སུ་ཁྲིམས་གསར་པ་དེར་མཚན་རྟགས་བཀོད་ཡོད་འདུག
གཏན་ལ་ཕབ་མའི་ཐག་པའི་ཁྲིམས་གསར་པ་དེའི་ནང་། པུའུ་ཊིན་གྱི་ད་ལྟའི་སྲིད་འཛིན་ལས་ཡུན་དེ་༢༠༢༤ ལོར་རྫོགས་རྗེས་ཁོ་རང་སླར་ཡང་སྲིད་འཛིན་གྱི་འོས་བསྡུའི་ནང་དུ་ཞུགས་ཆོག་པ་མ་ཟད། ལས་ཡུན་དེ་རྫོགས་པའི་རྗེས་སུའང་བསྐྱར་དུ་ཞུགས་ཆོག་གི་ཡོད་འདུག
ད་ལོར་ལོ་ན་༦༩ ལ་སོན་པའི་པུའུ་ཊིན་ཐོག་མར་ཕྱི་ལོ་༢༠༠༠ ལོར་ར་ཤི་ཡའི་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་དང་། ཁོ་རང་དུས་ཡུན་ལོ་༤ ཅན་གྱི་སྲིད་འཛིན་གྱི་ལས་གནས་སུ་བསྟུད་མར་ཐེངས་གཉིས་བསྡད་རྗེས། ཕྱི་ལོ་༢༠༠༨ ལོར་མཱ་ཌ་ཝིི་ཌ་(Dmitry Medvedev) སྲིད་འཛིན་དུ་འདེམས་ཐོན་བྱུང་བ་དང་། སྲིད་འཛིན་དེའི་ལས་ཡུན་སྐབས་ར་ཤི་ཡའི་སྲིད་འཛིན་གྱི་ལས་ཡུན་ལོ་༤ ནས་༦ བར་རིང་དུ་གཏོང་རྒྱུའི་་ཁྲིམས་ལ་མཚན་རྟགས་བཀོད།
ཕྱི་ལོ་༢༠༡༢ ལོར་སླར་ཡང་པུའུ་ཊིན་གྱིས་སྲིད་དབང་བཟུང་བ་མ་ཟད། དེ་ནས་ ༢༠༡༨ ལོའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་དུ་ཁོ་ལ་ཡང་བསྐྱར་རྒྱལ་ཁ་ཐོབ་པས། ཁོ་རང་ཨུ་རུ་སུའི་སྒེར་གཅོད་པ་སི་ཏ་ལིན་(Josef Stalin) གྱི་རྗེས་སུ་སྲིད་དབང་རིང་ཤོས་འཛིན་མཁན་དེ་ཆགས་ཡོད་འདུག
ལས་ཐོག་སྲིད་འཛིན་པུའུ་ཊིན་མུ་མཐུད་སྲིད་འཛིན་འོས་བསྡུ་གཉིས་ལ་ཞུགས་ན་ཆོག་པའི་ཁྲིམས་གསར་པ་དེ་ར་ཤི་ཡའི་གྲོགས་ཚོགས་ནས་ཟླ་སྔོན་མའི་ནང་དུ་གཏན་ལ་ཕབ་པ་དང་། དེ་ནས་རེས་གཟའ་ཟླ་བའི་ཉིན་དངོས་སུ་པུའུ་ཊིན་གྱིས་མཚན་རྟགས་བཀོད་དེ་ཕྱིར་བསྒྲགས་བྱས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།